༢༠༡༣ ཟླ་ ༡༢ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མྱ་ངན་མེད་ཁོར་ཡུག་སྲུང་སྐྱོབ་དང་ཉམས་ཞིབ་བསྟི་གནས་ཁང་ Ashoka Trust for Research in Ecology and the Environment གི་ཊི་ཨེན་ཁུ་ཤུའི་དྲན་རྟེན་བྱ་དགའ་འབུལ་རྒྱུའི་ TN Khoshoo Memorial Award and Lecture མཛད་སྒོར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཆིབས་སྒྱུར་བསྐྱངས་ཡོད། སྐུ་ཞབས་ཊི་ཨེན་ཁུ་ཤུ་མཆོག་ནི་དེ་སྔའི་རྒྱ་གར་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་དྲུང་ཆེ་དང་པོ་ཡིན་པ་མ་ཟད། རྒྱ་གར་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་བྱུས་མང་དག་གཅིག་ལ་དམ་པ་ཁོང་གིས་ཞབས་འདེགས་ཧ་ཅང་རྒྱ་ཆེ་ཞུས་ཡོད།
དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཅིན་མ་ཡ་ལས་འགུལ་ཚོགས་པའི་ Chinmaya Mission ཚོགས་ཁང་ནང་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་སྐབས་སྐུ་ཞབས་གྷ་ཎེ་ཤི་བྷ་ལ་ཅནྡྲཱ་ Dr. Ganesh Balachander ལགས་དང་ཊི་ཨེན་ཁུ་ཤུ་དམ་པ་ཁོང་གི་བུ་སྐུ་ཞབས་རཱ་ཇིཝ་ཁུ་ཤུ་ Mr Rajiv Khoshoo ལགས་རྣམ་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། དེ་རྗེས་མཛད་སྒོ་དབུ་འཛུགས་སྐབས་ཐོག་མར་སྐུ་ཞབས་གྷ་ཎེ་ཤི་བྷ་ལ་ཅནྡྲཱ་ལགས་ཀྱིས་དྲན་རྟེན་མཛད་སྒོའི་ངོ་སྤྲོད་གསུང་བཤད་གནང་བསྟུན། ༸གོང་ས་མཆོག་ལ། ཚེ་སྲོག་གི་རི་བོ་ཧི་མཱ་ལ་ཡ་ ‘Himalaya: Mountains of Life’ ཞེས་པའི་དཔེ་དེབ་གཅིག་འབུལ་ལམ་ཞུས། དཔེ་དེབ་འདི་ནི་སྐུ་ཞབས་ཀེ་ཨི་སི་བྷ་ཝ་ K. S. Bawa ལགས་དང་ཨེས་ཀ་དུར་ S. Kadur ལགས་གཉིས་ཀྱིས་བརྩམས་པ་ཞིག་ཡིན་འདུག
སྤྱིར་དྲན་རྟེན་བྱ་དགའ་འདི་ནི་ཁོར་ཡུག་སྲུང་སྐྱོབ་ཐོག་རྒྱུན་གནས་ཐུབ་པའི་ཡར་རྒྱས་འགྲོ་རྒྱུའི་ལས་གཞི་རྒྱ་ཁྱབ་གཏོང་ཆེད་མི་སྒེར་ལ་བློ་སྟོབས་སྤེལ་ཆེད་བཙུགས་པ་ཞིག་ཡིན་པ་དང་ཐེངས་འདིའི་བྱ་དགའ་ཐོབ་མཁན་ནི་ལྕམ་རཤ་མི་བྷར་ཏི་ལགས་དང་ཁོ་མོའི་ཟ་ཟླ་རཇ་ནི་ཤི་ཇེན་ལགས་ཡིན་འདུག ཁོང་གཉིས་ཀྱིས་རང་བྱུང་རྩི་ཤིང་ལས་གྲུབ་པའི་མཚོན་རྫས་སྣ་མང་བཟོ་བསྐྲུན་ཐོག་གོས་རས་ལ་མཚོན་རྒྱག་རྒྱུ་དང་། ཉི་འོས་ཐོན་སྐྱེས་སྐྲུན་རྒྱུའི་འཕྲུལ་རིགས་ཡར་རྒྱས། དེ་བཞིན་ཁོང་གཉིས་ཀྱི་མངའ་སྡེ་ཨུཏྟར་ཁཎྜ་ཁུལ་གྱི་གྲོང་གསེབ་ནང་མང་ཚོགས་རྣམས་ལ་འཐུང་ཆུ་གསོགས་འཇོག་བཅས་ལ་ཞབས་འདེགས་ཧ་ཅང་ཆེན་པོ་ཞུས་ཡོད་པར་བརྟེན་༸གོང་ས་མཆོག་དང་ཊི་ཨེན་ཁུ་ཤུ་དམ་པ་ཁོང་གི་སྐུ་ཟླ་ཁུ་ཤུ་ལགས་གཉིས་ཀྱིས་གཟེངས་རྟགས་གསོལ་རས་སྩལ།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཁོར་ཡུག་ལ་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འོན་ཀྱང་ངོས་རང་རྒྱ་གར་དུ་འབྱོར་རྗེས་གཞིས་ནས་ཁོར་ཡུག་ཐོག་ལ་དོ་སྣང་བྱུང་བ་ཞིག་ཡིན། གནའ་སྔ་མོའི་སྐབས་འཛམ་གླིང་ནང་མི་འབོར་དེ་ཙམ་མང་པོ་མེད། འོན་ཀྱང་རིམ་བཞིན་མི་འབོར་འཕེལ་རྒྱས་ཕྱིན་པ་དང་དུས་མཚུངས་མི་ཚེ་སྐྱེལ་སྟངས་ལའང་འགྱུར་བ་ཧ་ཅང་ཕྱིན་ཡོད། དཔེར་ན། གོ་ལའི་ཚ་དྲོད་རྒྱས་ནས་རི་འགོར་ཡོད་པའི་འཁྱགས་རོམ་ཧ་ཅང་མྱུར་པོས་ཞུར་ནས་གངས་ཧ་ཅང་ཉུང་དུ་ཕྱིན་པ་ངོས་ཀྱིས་མི་ཚེ་འདི་རང་ལ་དངོས་སུ་མཐོང་བྱུང་། དེང་སྐབས་གོ་ལའི་ཚ་དྲོད་འཕེལ་བ་ལས་བྱུང་བའི་འབྱུང་བའི་གོད་ཆག་ཕོག་པའི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་ཡོད། མི་ཚེ་སྐྱེལ་སྟངས་གང་འདྲ་ཞིག་མ་འགྲིག་པ་ངོས་ཀྱི་བཤད་ཚོད་ཐིག་གི་མི་འདུག གང་ལྟར་ང་ཚོའི་མི་ཚེ་སྐྱེལ་སྟངས་ལ་རྟེན་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་མཚོན་དཀའ་ངལ་དེ་དག་འཕྲད་བཞིན་ཡོད། དེར་བརྟེན་ང་ཚོས་རྒྱུ་རྐྱེན་ངོ་མ་ཇི་ཡིན་རྩད་གཅོད་བྱེད་དགོས། ངོས་རང་ཉིད་ལ་ཆ་མཚོན་ན་དེ་སྔ་སྐུ་ཞབས་སུན་དར་ལལ་བྷ་ཧུ་གྷུ་ན་ Sunderlal Bahuguna མཆོག་ལ་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ངོས་ནས་རྒྱབ་སྐྱོར་གང་བྱེད་དགོས་ཀྱང་བྱ་རྒྱུའི་ཁས་ལེན་ཞུས་མྱོང་།
སྐབས་དེར་ཁོང་གིས་ང་ཚོའི་མི་ཚེ་སྐྱེལ་སྟངས་འདི་ཡུན་གནས་ཐུབ་པའི་གནས་སྟངས་ཤིག་ཡིན་མིན་ང་ཚོས་རང་གིས་རང་ལ་དྲི་བ་གཏོང་དགོས་པ་གསུངས་བྱུང་། རྒྱ་དཀར་ནག་གཉིས་ཀྱི་མི་འབོར་བསྡོམས་ན་མི་གྲངས་ཐེར་འབུམ་གཉིས་ལྷག་བརྒལ་གྱི་ཡོད། མི་འབོར་ཐེར་འབུམ་གཉིས་ཡོད་པ་ཚང་མར་སྣུམ་འཁོར་རེ་རེ་ཡོད་པའི་འཛམ་གླིང་ཞིག་ཁྱེད་ཚོས་བསམ་བློ་གཏོང་དང་། ང་ཚོས་མི་རབས་གསར་པ་ཚོ་ལའང་རང་བྱུང་ཐོན་ཁུངས་དེ་དག་བསམ་བློ་གཏོང་དགོས། ཕྱོགས་མཚུངས་དབུལ་ཕྱུག་བར་ཁྱད་ཧ་ཅང་ཆེན་པོ་ཡོད་པ་འདི་བཟང་ཕྱོགས་ནས་མ་འགྲིག་པ་ཞིག་ཆགས་ཡོད། ཁ་སེང་ངོས་ཀྱིས་གཞུང་ལམ་ཟུར་དུ་བུ་མོ་ཆུང་ཆུང་གཉིས་སློང་མོ་རྒྱག་བཞིན་པ་མཐོང་བྱུང་།
ཧ་ཅང་ཉམས་ཐག་པའི་གནས་སྟངས་འོག་སློང་བཞིན་པའི་བུ་མོ་ཆུང་ཆུང་གཉིས་ལ་གཞུང་ལམ་དེར་འགྲུལ་བཞུད་བྱེད་མཁན་སུས་ཀྱང་དོ་སྣང་བྱེད་ཀྱི་མི་འདུག དེ་ནི་ཧ་ཅང་བློ་ཕམ་རེད། ང་ཚོས་དབུལ་ཕོངས་དེ་དག་ལ་རོགས་རམ་བྱ་རྒྱུར་འབད་བརྩོན་ངེས་པར་དུ་བྱེད་དགོས། གང་ཡིན་བརྗོད་ན་འགའ་ཤས་ཀྱིས་ཆང་སར་འགྲོ་སོང་ཧ་ཅང་ཆེན་པོ་བཏང་སྟེ་རྒྱས་སྤྲོད་བྱེད་མཁན་དེང་སྐབས་མང་པོ་མཐོང་རྒྱུ་འདུག རྒྱས་སྤྲོས་དེ་འདྲ་བྱ་རྒྱུའི་ཚབ་ཏུ་དབུལ་ཕོངས་ཚོར་ཉིན་གཅིག་གི་ལྟོ་དུས་སྤྲད་ཐུབ་ཚེ་དགེ་མཚན་ཆེ་བ་མེད་དམ། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ།
ཉིན་གུང་ལྗགས་སྨིན་སྐབས་༸གོང་ས་མཆོག་གིས་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱལ་རབས་མཁས་དབང་ལྕམ་སྐུ་ཀ་པི་ལ་ཝཏསྱ་ཡན་ Kapila Vatsyayan ལགས་དང་མཇལ་འཕྲད་མཛད། དེ་ནས་མེ་རའོ་ལི་ Mehrauli ཞེས་པ་དེར་བྱིས་པ་ཉམས་ཐག་ཁག་གཅིག་གསོ་སྐྱོང་བྱེད་མཁན་གྱི་བསྟི་གནས་ཁང་ Care Home for Street Children ཞིག་ཏུ་ཆིབས་སྒྱུར་བསྐྱངས། ༸གོང་ས་མཆོག་ཁུལ་དེར་༸ཞབས་སོར་འཁོད་མཚམས་རྒྱ་གར་རྩོམ་པ་པོ་དང་སྤྱི་ཚོགས་ལས་འགུལ་བ་སྐུ་ཞབས་ཧརཤ་མན་དར་ Harsh Mander ལགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། ཁོང་གི་ཡབ་བགྲེས་སོང་སྐུ་ཞབས་ཧར་མན་དར་སིངྒ་Harmander Singh ལགས་ནས་ཀྱང་སྐབས་དེར་༸གོང་ས་མཆོག་མཇལ་ཁ་ཞུས་ཡོད། ཁོང་ནི་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་བོད་ནས་རྒྱ་གར་དུ་བྲོས་འབྱོལ་དུ་ཆིབས་སྒྱུར་བསྐྱངས་སྐབས་ཧར་མན་དར་ལགས་ཁོང་སྐབས་དེར་འབུམ་སྡེ་ལར་དམག་སྤྱིའི་ལས་འཁུར་ཞུ་མུས་ཡིན་འདུག དེར་བརྟེན་༸གོང་ས་མཆོག་འབུམ་སྡེ་ལར་༸ཞབས་སོར་འཁོད་མཚམས་སྐུ་ཞབས་ཧར་མན་དར་སིངྒ་ལགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་དང་ལྷན་བསྟི་གནས་ཁང་དུ་བྱིས་པ་ཉམས་ཐག་རྣམས་ལ་གཟིགས་ཞིབ་མཛད་དེ་༸གོང་ས་མཆོག་གིས་བྱིས་པ་རྣམས་ལ་བྱམས་བརྩེའི་ཕྱག་གི་བྱུག་བྱུག་མཛད། སྐབས་དེར་སྐུ་ཞབས་ཧརཤ་མན་དར་ལགས་ཀྱིས་ངོ་སྤྲོད་གནང་བསྟུན། ༸གོངས་ས་མཆོག་གིས་བཀའ་སློབ་སྩལ་དོན།
ཁྱེད་ཚོས་སེམས་ཤུགས་སྐྱེ་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱས་མཐར་མཐོ་སློབ་སོགས་ཀྱི་ནང་སློབ་མཐར་ཕྱིན་པ་དགོས། ཁྱེད་ཚོ་མགོན་མེད་སྐྱབས་མེད་ཡིན་བསམས་པ་ནམ་ཡང་དྲན་རྒྱུ་མེད། ཁྱེད་ཚོས་དཀའ་ལས་བརྒྱབ་ནས་རང་གི་མི་ཚེ་དོན་དང་ལྡན་པ་ཞིག་བཟོ་ཐུབ། སེམས་ཤུགས་ཆགས་ན་ཡར་རྒྱས་མི་འགྲོ། དེར་བརྟེན་ཁྱེད་ཚོས་རེ་བ་དང་ཡིད་ཆེས་ནམ་ཡང་མ་དོར་བར་མུ་མཐུད་དཀའ་ལས་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ཧིན་སྒོར་འབུམ་བཅུ་གསོལ་རས་སྩལ་བ་མ་ཟད། འབྱུང་འགྱུར་ལས་འཆར་ཐོག་དཀའ་ངལ་འཕྲད་ཚེ་མཐུན་འགྱུར་རོགས་རམ་ཇི་དགོས་འབྲེལ་བ་བྱ་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་ཡོད་པ་བཅས།།