༢༠༡༣ ཟླ་ ༡༢ ཚེས་ ༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༦ ཉིན་དེ་སྔའི་ལྷོ་ཨ་ཕི་རི་ཁའི་སྲིད་འཛིན་ནམ་རང་དབང་འཐབ་རྩོད་པ། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་གྲགས་ཅན་དབུ་ཁྲིད་སྐུ་ཞབས་ནེལ་སོན་མན་ཌ་ལ་ (Nelson Mandela) མཆོག་ཡུན་རིངསྙུང་གཞིས་རྐྱེན་པས་ཁ་སང་མཚན་མོའི་ཆུ་ཚོད་ ༩ པའི་གཡས་གཡོན་དུ་འདས་གྲོངས་སུ་གྱུར་བར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ལ་བློ་ཕམ་ཆེན་པོ་བྱུང་སྐོར་དང་གདུང་སེམས་མཉམ་སྐྱེའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་རྒྱ་གར་བ་དང་བོད་རིགས་ཀྱི་གསར་འགོད་པ་ཁྱོན་མི་གྲངས་ ༢༠ བརྒལ་བ་འདུ་འཛོམས་ཀྱི་ཐོག་མར་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་གནང་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་། དེ་ནས་སྲིད་སྐྱོང་མཆོག་གིས་གསར་འགོད་གསལ་བསྒྲགས་སྐབས་གསུང་དོན། སྐུ་ཞབས་ནེལ་སོན་མན་ཌེ་ལ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་གོ་ཐོས་བྱུང་བར་ཧ་ཅང་བློ་ཕམ་ཆེན་པོ་བྱུང། གང་ལ་ཞེ་ན་ནེལ་སོན་མན་ཌེ་ལ་ མཆོག་ནི་ཞི་བའི་ལམ་ནས་དྲང་བདེན་རྩོད་མཁན་ཞིག་ཡིན་པ་ཚང་མས་ཤེས་གསལ་རེད། ཁོང་སྐུ་སྒེར་ལྟ་བུར་ཆ་མཚོན་ན། བཙོན་ཁང་དུ་མི་ལོ་ ༢༧ བཞུགས་ཡོད་ཁོངས་ནས་མི་ལོ་ ༨ རིང་རོ་བྷེན་ཨ་ཡི་ལེན་ཌིར་ (Robben Island) ཁང་ཆུང་ཞིག་ནང་རོགས་མེད་གཅིག་པུར་སྡོད་རྒྱུའི་ཉེས་ཆད་ (Solitary Confinement) བཀལ་ཡོད་པ་ནི་ཡོངས་གྲགས་རེད། དེ་ལྟ་བུའི་ཡུན་རིང་བཙོན་ཁང་དུ་བཞུགས་སྐབས་མང་པོ་ཞིག་ནས་ཁོང་གིས་བདེན་དོན་དང་འདྲ་མཉམ་གྱི་ཐོབ་ཐང་རྩོད་རྒྱུ་དེ་ཡོང་རྒྱུ་ཕར་བཞག ཁོང་རང་སྒེར་ཡིན་རུང་བཙོན་གྲོལ་གཏོང་རྒྱུ་མི་སྲིད་པ་རེད་ཅེས་སྐབས་ཤིག་དེ་འདྲའི་བཀའ་མོལ་བྱུང་ཡོད། འོན་ཀྱང་ཁོང་བཙོན་གྲོལ་ཐོབ་ཡོད་པ་མ་ཟད། ལྷོ་ཨ་ཕི་རི་ཀའི་ནང་མང་གཙོ་དང་རང་དབང་སྐྱར་གསོ་གནང་ཐུབ་པ་དང་། ལྷག་པར་དུ་མི་རིགས་དཀར་ནག་དབྱེ་འབྱེད་སྐབས་བྱུང་བའི་འཁོན་འཛིན་གྱི་བསམ་བློ་དོར་ཏེ་མི་རིགས་ཚང་མར་འདྲ་མཉམ་གྱི་ཐོབ་ཐང་བསྒྲུབ་ཐུབ་པ་འདིས་གང་ཞིག་སྟོན་གྱི་ཡོད་དམ་ཞེ་ན། བདེན་པ་དང་ཞི་བའི་ལམ་ནས་རྩོད་ན་རྩོད་ས་ཡོད་པ་མ་ཟད། རྩོད་ཐུབ་པ་དང་བསྒྲུབ་རྒྱུ་ཡོད་པ་ཞིག་སྟོན་གྱི་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ཁོང་སྐུ་སྒེར་གྱི་ལོ་རྒྱུས་ཡིན་ནའང་འདྲ། ལྷོ་ཨ་ཕི་རི་ཀའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་ (Anti Apartheid) ཀྱི་སྲིད་བྱུས་ལ་གདོང་ལེན་བྱ་རྒྱུའི་ལས་འགུལ་སྤེལ་བ་དེས་ང་ཚོ་བོད་མིས་གཙོས་འཐབ་རྩོད་པ་སྤྱི་ཡོངས་ལ་སེམས་ཤུགས་འཕར་དགོས་རྒྱུ་ཞིག་དང་མིག་དཔེ་ལྟ་དགོས་པ་ཞིག་ཆགས་ཡོད།
བོད་མིའི་སྒྲིག་འཛུགས་ཐོག་ནས་ད་རེས་སྐུ་ཞབས་ཁོང་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་སྐབས། ཧ་ཅང་བློ་ཕམ་ཆེན་པོ་བྱུང། དེར་བརྟེན་ཁོང་གི་ནང་མི་དང་ལྷོ་ཨ་ཕི་རི་ཀའི་གཞུང། དེ་བཞིན་མི་དམངས་ཚང་མར་བློ་ཕམ་དང་གདུང་སེམས་མཉམ་སྐྱེ་ཡོད་ཅེས་ཞུ་རྒྱུ་ཡིན། ང་རང་སྒེར་ལྟ་བུ་ཡིན་ན། ཁོང་གི་ལོ་རྒྱུས་ལྟ་མྱོང་ཡོད། ལྷོ་ཨ་ཕི་རི་ཀའི་ཞི་བའི་ལམ་ནས་རྩ་དོན་རྩོད་སྟངས་སྐོར་ལ་ཞིབ་འཇུག་ཕྲན་བུ་བྱེད་མྱོང་ཡོད། དམིགས་བསལ་ལྷོ་ཨ་ཕི་རི་ཀའི་རྩ་ཁྲིམས་ཡར་ཐོན་ཅན་དང་གུ་ཡངས་ཅན་གྱི་རྩ་ཁྲིམས་ཤིག་ཡིན་པར་རྩི་བཞིན་ཡོད། ལྷོ་ཨ་ཕི་རི་ཀའི་ནང་རང་དབང་དང་མང་གཙོ་བསྐྱར་གསོ་གནང་སྟེ་མིག་དཔེ་ཡག་ཤོས་ཤིག་གནང་ཡོད་དམ་ཞེ་ན། བདེན་པ་དང་མཐུན་སྒྲིལ་ཚོགས་ཆུང་བཙུགས་ནས་ཚོགས་ཆུང་དེས་མི་རིགས་དབྱེ་འབྱེད་སྐབས་བྱུང་བའི་འཁོན་འཛིན་སེལ་ཐབས་བྱེད་བཞིན་ཡོད། ཚོགས་ཆུང་དེ་ནི་འཛམ་གླིང་ནང་ཉམས་ཞིབ་བྱ་ཡུལ་གྱི་མིག་དཔེ་ལྟ་འོས་པའི་ཚོགས་ཆུང་ཞིག་ཆགས་ཡོད།
ཚོགས་ཆུང་དེ་ལྟ་བུ་ཞིག་བཙུགས་ཐུབ་པ་འདི་སྐུ་ཞབས་ནེལ་སོན་མན་ཌེ་ལ་མཆོག་གིས་གཙོས་ལྷོ་ཨ་ཕི་རི་ཀའི་ནང་ལས་འགུལ་སྤེལ་མཁན་ཚོའི་བྱས་རྗེས་ཆེན་པོ་བཞག་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། ལོ་རྒྱུས་ནང་དུའང་འཁོད་ཡོད། དེ་ལྟ་བུའི་བྱས་རྗེས་ཅན་གྱི་མི་སྣ་ཆེན་པོ་དེ་འདྲ་ཞིག་ཁ་སང་དགོངས་པ་རྫོགས་སྐབས་འཛམ་གླིང་ནང་གྱོང་གུན་རེད་ལ་དམིགས་བསལ་ང་ཚོ་བོད་མི་ཚོ་ཡིན་རུང་མིག་དཔེ་ལྟ་ས་དང་རེ་བ་བྱེད་ས་དགོངས་པ་རྫོགས་པའི་གནས་སྟངས་ཆགས་ཡོད། འོན་ཀྱང་ཁོང་གི་བྱས་རྗེས་དེ་ཞི་བའི་ལམ་ཐོག་ནས་རྩ་དོན་རྩོད་ན་འགྲུབ་རྒྱུ་ཡོད་པ་དང་བདེན་པ་འགྲུབ་རྒྱུ་ཡོད་པའི་བྱས་རྗེས་ལ་བརྟེན་ནས་བོད་མི་སྤྱི་ཡོངས། དེ་བཞིན་ད་ལྟ་ཡིན་རུང་རེ་བ་དང་སེམས་ཤུགས་འཁྱེར་དགོས་པ་དང་ཁོང་གི་བྱས་རྗེས་དེ་མུ་མཐུད་ནས་གནས་རྒྱུར་ཚང་མས་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་སྐུ་ཞབས་ཇེ་ཀོབ་ཛུ་མ་ Mr. Jacob Zuma མཆོག་ལ་ཐུགས་གསོའི་འཕྲིན་ཡིག་ཞིག་ཕུལ་བའི་ནང་འཁོད་དོན། སྐུ་ཞབས་ནེལ་སོན་མན་ཌེ་ལ་མཆོག་ནི་འཛམ་གླིང་སྤྱི་ཡོངས་ཀྱིས་ངོས་འཛིན་ཐོབ་པའི་ཞི་བདེའི་མཚོན་རྟགས་ཤིག་ཡིན་པར་བརྟེན་ཁོང་ལ་ངོས་ཀྱིས་གུས་བརྩི་ཧ་ཅང་ཞུ་བཞིན་ཡོད། དམ་པ་ཁོང་འདས་གྲོངས་སུ་གྱུར་བ་དེས་འཛམ་གླིང་ནང་མཁས་ཅན་མི་སྣ་ཞིག་མེད་པར་གྱུར་བ་ཙམ་མ་ཟད། མི་ཧ་ཅང་བཟང་པོ་ཞིག་མེད་པར་ཆགས་ཡོད། ཁོང་གིས་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་གདོང་ལེན་གནང་བ་དེས་བོད་མི་ཚོར་སེམས་འགུལ་དང་སྙིང་སྟོབས་ཧ་ཅང་སྤེལ་ཡོད། དེར་བརྟེན་བོད་མི་ཚོས་ཀྱང་དཀའ་ངལ་ཇི་འདྲ་ཞིག་འཕྲད་མིན་ལ་མ་ལྟོས་པར་མཐར་བདེན་པར་རྒྱལ་ཁ་འཐོབ་རྒྱུ་ཡིན་པའི་ཡིད་ཆེས་རྙེད་ཐུབ་ཡོད། དམ་པ་ཁོང་གིས་འཚེ་མེད་ཞི་བ་དང་། འཁོན་འཛིན་སྤངས་པའི་འཆམ་མཐུན་གྱི་སྤྱི་ཚོགས། དེ་བཞིན་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་རྒྱུའི་མཛད་རྗེས་དེ་དག་མུ་མཐུད་གནས་རྒྱུ་མ་ཟད། འཛམ་གླིང་ཁྱོན་དུ་མི་མང་ཧ་ཅང་མང་པོར་སྙིང་སྟོབས་ཀྱི་འབྱུང་ཁུངས་ཆགས་ཡོད།