༢༠༡༣ ཟླ་ ༡༢ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༥ ཉིན་གྱི་སྔ་དྲོ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་སྲུང་སྐྱོབ་ཀྱི་དམིགས་བསལ་ཚོགས་ཆུང་ Senate’s Extraordinary Commission for the Protection and Promotion of Human Rights ནང་བོད་དོན་ཉན་ཞིབ་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྤྱི་དང་། ལྷག་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་བོད་མིའི་ཆབ་སྲིད་ཐོབ་ཐང་ལ་དམ་བསྒྲགས་བྱས་པ་དང་། བོད་ཀྱི་རིག་གཞུང་དང་ཁོར་ཡུག་གཏོར་བཤིག་བཏང་བ། བོད་མི་རྣམས་དཔལ་འབྱོར་ཟུར་ཕུད་ཀྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་རྣམས་ཁུངས་སྐྱེལ་ར་སྤྲོད་གནང་ཡོད་པ་མ་ཟད།
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དེའི་སྒྲོམ་གཞིའི་འོག་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཡོང་ཆེད་བོད་རྒྱ་མི་རིགས་ལ་ཕན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་ཀྱི་གནད་དོན་སེལ་ཐབས་བྱེད་བཞིན་ཡོད་པ་རྣམས་གསལ་བཤད་གནང་ཡོད། ཉན་ཞིབ་སྐབས་ཨི་ཊ་ལིའི་གྲོས་ཚོགས་གོང་མ་དང་ཚོགས་ཆུང་གི་འཐུས་མི་སྐུ་ཞབས་ལུ་ཝི་གི་མན་ཀོ་ནི་ (Luigi Manconi) མཆོག་དབུ་བཞུགས་གནང་ཡོད་པ་བཅས།།