༢༠༡༣ ཟླ་ ༡༢ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ ཉིན་གྱི་ཕྱི་དྲོ་བོད་མདོ་སྨད་རྨ་ཆུའི་ཆུ་ཁ་མར་སྐྱེས་པའི་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད་འདུག
དེ་ཡང་རང་ལོ་༣༠ ཡིན་པ་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་བོད་མདོ་སྨད་རྔ་བ་ཁུལ། རྔ་བ་རྫོང་དམེ་རུ་མའི་ཡུལ་ཚོའི་ཐོག་རང་ལུས་མེར་སྲེག་བཏང་ཡོད་པ་དང་། སྐབས་དེར་ཁོང་གིས་ལུས་སྟེང་དུ་མེ་འབར་བཞིན། ༼༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་མི་གཞིས་བྱེས་མཉམ་འཛོམས་ཡོང་དགོས། ༽ཞེས་སྐད་འབོད་གནང་སྟེ། ཡུལ་ཚོའི་སྲང་ལམ་བར་ནས་ཡར་རྒྱུག་མར་རྒྱུག་བྱས་མཐར་སར་འགྱེལ་ཡོད་འདུག ས་གནས་མང་ཚོགས་ཀྱིས་མཐོང་བ་ལྟར་ན། སར་འགྱེལ་དུས་ཀྱང་ཁོང་གིས་མེ་ལྕེའི་ཁྲོད་ནས་ལག་གཉིས་ཐལ་མོ་སྦྱར་ཏེ་སྐད་ཆ་བརྗོད་ཀྱི་འདུག་མོད། ཡིན་ནའང་གསལ་པོ་གོ་ཐུབ་མེད་པ་རེད།
དེ་རྗེས་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་བསླེབས་ཏེ་ཁོང་བཙན་འཁྱེར་བྱེད་རྩིས་བྱས་སྟབས། ས་གནས་མང་ཚོགས་ཀྱིས་འཁྱེར་མ་བཅུག་པར་བཀག་འགོག་བྱས་ཏེ། ཉེན་རྟོག་པ་དང་མང་ཚོགས་བར་རྩོད་རྙོག་ཕྲན་བུ་ཞིག་ཀྱང་བྱུང་ཡོད་འདུག མཐར་ཉེན་རྟོག་པས་ཁོང་བཙན་འཁྱེར་བྱས་འདུག སྐབས་དེར་ས་གནས་ཡུལ་མི་སྐོར་ཞིག་ཀྱང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། རྗེས་སུ་དཀོན་མཆོག་ཚེ་བརྟན་ལགས་ཀྱི་ཆུང་མ་དང་ཉེ་འབྲེལ་འགའ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ད་ལྟའི་ཆར་དཀོན་མཆོག་ཚེ་བརྟན་ལགས་འདས་གྲོངས་སུ་འགྱུར་ཡོད་མེད་ཐད་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མེད་པ་དང་། ས་གནས་མང་ཚོགས་ཀྱིས་བརྗོད་པ་ལྟར་ན། ད་ལྟ་ཁོང་འབར་ཁམས་ཁུལ་གྱི་སྨན་ཁང་ཞིག་ཏུ་ཁྱེར་ཡོད་པ་དང་། རྒྱ་གཞུང་ཉེན་རྟོག་པས་ཁོང་བཙན་འཁྱེར་བྱེད་སྐབས་སུ། ལུས་པོ་མེར་ཚིགས་པའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་འདུག
དཀོན་མཆོག་ཚེ་བརྟན་ལགས་ནི། རྒྱ་གཞུང་གིས་བོད་ས་ཆ་བགོས་ཀྱི་ས་ཁོངས་ལྟར་བྱས་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཆུ་ཁ་མ་ཞང་རྒྱུ་ལག་རུ་ཆེན་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་བསམ་ཁོ་དང་མ་མིང་ལ་འོ་དགའ། ཆུང་མའི་མིང་ལ་ནམ་སྣང་ཟེར་ཞིང་ད་ལྟ་ལོ་ ༢༨ ཡིན་འདུག ཁོང་བཟའ་མི་གཉིས་ལ་བུ་གཉིས་ཡོད་པའི་ནང་ནས། བུ་ཆེ་བ་ཕྱག་རྡོར་སྐྱབས་ལོ་ ༤ ཡིན་པ་དང་། ཆུང་བ་དཔའ་རྩལ་སྐྱབས་ལོ་ ༣ ཡིན་འདུག
དཀོན་མཆོག་ཚེ་བརྟན་ལགས་ནི་ཆུང་མའི་ཁྱིམ་ལ་ཕར་མག་པར་ཕྱིན་པ་ཞིག་ཡིན་འདུག་ལ། ཁོང་གི་ཆུང་མའི་ཁྱིམ་ཚང་ནི་རྒྱ་གཞུང་གིས་བོད་ས་ཆ་བགོས་ཀྱི་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་དམེ་རུ་མ་ཞང་རུ་ཁག་དང་པོ་ནས་ཡིན་པ་རེད། དཀོན་མཆོག་ཚེ་བརྟན་ཆུང་དུས་སློབ་ཆུང་བསྐྱོད་མྱོང་ཡོད་པ་དང་། རྗེས་སུ་མག་པར་ཕྱིན་ཏེ་ཕྱུགས་སྐྱོང་འབྲོག་ལས་ཀྱི་འཚོ་བ་གཉེར་བཞིན་ཡོད་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༡ པོའི་ཚེས་ ༢༣ ཉིན། དམེ་རུ་མའི་ཡུལ་ཚོའི་ཐོག་ཏུ་མི་བརྒྱ་གྲངས་ཤིག་འདུ་འཛོམས་ཀྱིས། རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད། རྗེས་སུ་འབྲེལ་ཡོད་མི་སྣ་ཁག་གཅིག་འཛིན་བཟུང་ཡང་བྱས་ཡོད། སྐབས་དེའི་ཞི་བའི་ངོ་རྒོལ་ཁྲོད་དུ་དཀོན་མཆོག་ཚེ་བརྟན་ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་དང་། རྗེས་སུ་ས་གནས་འབྲེལ་ཡོད་སྡེ་ཁག་གིས་ཁོང་འབོད་འགུག་བྱས་ཡོད་ཀྱང་། ཁོང་ས་གནས་ཡར་མར་ལ་བྲོས་བྱོལ་གྱིས་མགོ་བཏགས་བྱས་མེད།
གཞན་ཡང་། ཕྱི་ཚེས་ ༤ ཉིན་གྱི་ཞོགས་པ་ནས་བཟུང་དམེ་རུ་མ་ཡུལ་ཚོའི་ཐོག་གི་ཚོང་ཁང་དང་ཟ་ཁང་ཆ་ཚང་སྒོ་རྒྱག་བཅུག་ཡོད་པ་མ་ཟད། དམག་མི་དང་ཉེན་རྟོག་པ་མང་པོ་འགྲེམས་འཇོག་གིས། མང་ཚོགས་རྣམས་ཡུལ་ཚོའི་ཐོག་ཏུ་འགྲོ་བསྐྱོད་ཐད་བཀག་སྡོམ་དང་། སྲང་ལམ་དུ་ཁ་པར་རྒྱག་མཁན་མང་ཚོགས་མཐོང་ཚེ་ཁ་པར་ཡང་བཙན་འཕྲོག་སོགས་བྱས་ཏེ། དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག