༢༠༡༣ ཟླ་ ༡༢ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་ལྡན་ཆེན་པོ་ཧོར་གྱི་ཆོས་ཞུ་བ་རྣམས་ནས་བླ་མ་མཆོད་པའི་བདེ་སྟོང་དབྱེར་མེད་དང་འབྲེལ་བའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Kempinski Hotel) གསོལ་མགྲོན་ཁང་དུ་སོག་རིགས་གཙོ་བོར་གྱུར་བའི་ཀོ་རི་ཡ་སོགས་ཁྱོན་རྒྱལ་ཁབ་ ༡༢ ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་མི་གྲངས་ ༡༠༠༠ བརྒལ་བར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་སྔོན་བཀའ་སློབ་སྩལ་དོན། དེ་རིང་ལོ་རྒྱུས་ཐོག་ཡུན་རིང་ནས་ཆོས་དང་ཟང་ཟིང་གི་འབྲེལ་བ་ཡོད་པ་ཙམ་མ་ཟད། ལྷག་པར་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ནས་བཟུང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཁྱེད་རང་ཚོས་དད་དམ་གཡོ་མེད་ཐོག་ངོས་ལ་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ལྷ་ས་ནས་ཧོར་ཡུལ་དུ་ཕེབས་ཏེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་སྲ་བརྟན་ཞིག་བཙུགས་གནང་ཡོད། དེར་བརྟེན་བོད་སོག་གཉིས་ཐུན་མོང་མ་ཡིན་པའི་འབྲེལ་བ་བྱུང་ཡོད། ཁ་སྔོན་བརྗོད་པ་ལྟར། ངོས་རང་ཕྱི་ལོ་ ༡༩༧༩ ལོར་སོག་ཡུལ་དུ་ཐེངས་དང་པོ་བསླེབས་སྐབས་བརྟན་བཞུགས་གནང་སྟེ།
དེ་དུས་སོག་པོ་མང་དག་གིས་མིག་ཆུ་གཏོང་གི་འདུག་ལ་ངོས་ཀྱང་སེམས་གང་ཙམ་སྐྱོ་པོ་བྱུང། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་སྐབས་ནས་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། ངོས་ཀྱང་མིག་ལ་མཆི་བཞག་འཁོར་བྱུང་།
དེ་ནས་བཟུང་ངོས་རང་སོག་ཡུལ་དུ་ཐེངས་འགའ་ཤས་བསླེབས་པ་རེད། ང་ཚོ་ཕན་ཚུན་ངོ་ཤེས་ཆགས་ནས་ཧ་ཅང་ཡག་པོ་ཡོད། དེ་སྔ་བོད་ལ་སོག་པོའི་གྲྭ་རྒྱུན་ཡིན་ན་དཔེ་ཆ་བ་ཡིན་པའི་ཁྱབ་པ་རེད། ད་ལྟ་གདན་ས་ཁག་ལ་ཁྱེད་རང་ཚོ་དཔེ་ཆ་བ་གང་ཙམ་ཡོད། ཁྱེད་རང་ཚོས་དཔེ་ཆ་ཧུར་ཐག་འབད་ཐག་བྱས་ཏེ་ལྟ་དགོས།
དེ་བཞིན་མ་འོངས་པར་ཡིན་རུང་སློབ་གཉེར་གནང་མཁན་མུ་མཐུད་ནས་ཡོང་ཐུབ་ཀྱི་རེད་ལ་དེ་ལྟར་ཡོང་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆེན་པོ་ཧོར་གྱི་མི་དམངས་ཚོས་ནང་ཆོས་ལ་དད་པ་ཙམ་མ་བཞག་པར་ངེས་པར་དུ་སློབ་སྦྱོང་བྱེད་དགོས། སངས་རྒྱས་པའི་ཆོས་ནི། ཆོས་རབ་ཏུ་འབྱེད་བྱེད་ཀྱི་རྣམ་དཔྱོད་དང་ཤེས་རབ་ཐོག་ནས་བློར་འགྱུར་བ་གཏོང་རྒྱུ་ཞིག་ཡིན་སྟབས། སློབ་སྦྱོང་མ་བྱས་ན་ཡོང་ཐབས་རྩ་བ་ནས་མེད། ཡང་སོག་པོ་ཁ་ཤས་དེ་ལྟར་དྲན་སྲིད། ཏཱ་ལའི་བླ༌མ་བསླེབས་ནས་ང་ཚོར་ (Vodka) ཨ་རག་དཀར་པོ་འཐུང་རྒྱུ་མི་འདུག་བསམས་པ་དྲན་གྱི་མེད་དམ། གང་ལྟར་མ་འོངས་པ་ཡིན་རུང་ང་ཚོ་ཡང་ཡང་ཐུག་གི་རེད། ཅེས་སོགས་ཀྱི་བཀའ་སློབ་དང་སོག་པོ་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་རྣམས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་སྩལ་ཏེ་ཉིན་གསུམ་གྱི་ཆོས་འབྲེལ་མཇུག་སྒྲིལ་མཛད་ཡོད།