༢༠༡༣ ཟླ་ ༡༢ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༩ པ་ནས་བཟུང་རྒྱ་གཞུང་གིས་ཁམས་འབྲི་རུ་རྫོང་དུ། དམར་ཤོག་མང་ཚོགས་ལངས་ཕྱོགས་སློབ་གསོ་ཞེས་པའི་དྲག་གནོན་སྲིད་བྱུས་སྤེལ་ཏེ། བོད་མི་མང་པོ་སྔ་ཕྱིར་འཇིན་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་པ་ལྟར། ཉེ་ཆར་བོད་མི་ཁག་གཅིག་ལ་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ཁམས་འབྲི་རུ་རྫོང་ཁོངས་ཀྱི་བོད་མི་དགུ་ལ་ལོ་ཚད་མི་འདྲ་བའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག དེ་དག་གི་ཁྲོད་ནས་དགེ་འདུན་པ་དཀོན་མཆོག་ཆོས་འཕེལ་ལགས་དང་། མི་སྐྱ་སྟོབས་ལྡན་ལགས། བསྟན་འཛིན་རང་གྲོལ་ལགས་གསུམ་མ་གཏོགས། གཞན་བོད་མི་དེ་དག་གི་མིང་དང་ཁྲིམས་བཅད་དུས་ཡུན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།
བསྟན་འཛིན་རང་གྲོལ་ལགས་ནི་ད་ལྟ་རང་ལོ་༣༤ ཡིན་ལ། འདི་ལོ་ཕྱི་ཟླ་༡༠ ཚེས་༡༨ ཉིན་གྱི་ཞོགས་པར་བུ་ཕྲུག་སློབ་གྲྭར་བསྐྱལ་ཏེ་ཕྱིར་ལོག་པའི་ལམ་བར་ནས། རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཕྱི་ཟླ་༡༡ ཚེས་༣༠ ཉིན་ཁོང་ལ་ཏཱ་ལའི་རུ་ཚོགས་ལ་ངན་འབྲེལ་དང་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག ལོ་༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག ཁོང་ནི་ཁམས་ནག་ཆུ་ས་ཁུལ། འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་གྲོང་ཚོ་བཞི་པ་ནས་ཡིན་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་ཚེ་རིང་པད་འཛོམས་དང་རང་ལོ་༢༦ ཡིན་འདུག ཁོང་གཉིས་ལ་བུ་ཕྲུག་གསུམ་ཡོད། ཁྱིམ་ཚང་གི་འཚོ་རྟེན་གཙོ་བོ་ནི་སྒེར་གཉེར་ཚོང་ལས་ལ་བརྟེན་གྱི་ཡོད་འདུག
སྟོབས་ལྡན་ལགས་ནི་ད་ལྟ་རང་ལོ་༣༠ ཡིན་ལ། འདི་ལོའི་ཕྱི་ཟླ་༡༠ ཚེས་༢༨ ཉིན་རྒྱ་གཞུང་གིས་འཛིན་བཟུང་བཙན་འཁྲིད་དང་། ཕྱི་ཟླ་༡༡ ཚེས་༣༠ ཉིན་ཏཱ་ལའི་རུ་ཚོགས་ལ་ངན་འབྲེལ་དང་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག ལོ་༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག ཁོང་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྲོང་ཚོ་བཞི་པ་ནས་ཡིན་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་ཟླ་དཀར་ཟེར་ལ། ཁོང་བཟའ་མི་གཉིས་ལ་བུ་ཕྲུག་གསུམ་ཡོད་འདུག
དགེ་འདུན་པ་དཀོན་མཆོག་ཆོས་འཕེལ་ལགས་ནི་ད་ལྟ་རང་ལོ་༢༨ ཡིན་ལ། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་རྒྱ་གཞུང་གིས་འཇིན་བཟུང་བཙན་འཁྲིད་བྱས་ཏེ། ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ཏཱ་ལའི་རུ་ཚོགས་ལ་ངན་འབྲེལ་དང་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག ལོ་༦ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག ཁོང་འབྲི་རུ་རྫོང་ཚྭ་ཆུ་ཡུལ་ཚོ་རྔ་གཡང་གྲོང་ནས་ཡིན་འདུག
འདི་ལོའི་ཕྱི་ཟླ་དགུ་པ་ནས་བཟུང་ཁམས་འབྲི་རུ་རྫོང་ཁོངས་སུ། ས་གནས་རྒྱ་གཞུང་གིས་དམག་མི་དང་ཉེན་རྟོག་པ། ལས་བྱེད་སོགས་མི་གྲངས་ཁྲི་སྟོང་མང་པོ་འགྲེམས་གཏོང་བྱས་ཏེ། དམར་ཤོག་མང་ཚོགས་ལངས་ཕྱོགས་སློབ་གསོ་ཞེས་པའི་དྲག་གནོན་གྱི་སྲིད་བྱུས་སྤེལ་འགོ་བརྩམས་ཡོད། བོད་རང་སྐྱོང་ལྗོངས་དམར་ཤོག་རྒྱུན་ལས་དྲུང་ཆེ་ཝུ་ཡུན་ཇའེ་ཟེར་བས་ལས་འགུལ་དེ་སྣེ་འཁྲིད་ཀྱི་འགན་གཙོ་བོ་འཁྱེར་གྱི་ཡོད་པ་ལྟར། ཉེ་ཆར་ཁོ་པ་སླར་ཡང་འབྲི་རུ་རྫོང་དུ་ཡོང་སྟེ་དམར་ཤོག་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྲིད་བྱུས་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་གྱི་ཡོད་སྟབས། ས་གནས་མང་ཚོགས་ཀྱིས་འབྲི་རུ་རྫོང་དུ་སྔར་བས་དྲག་གནོན་དམ་བསྒྲགས་ཤུགས་ཆེ་རུ་འགྲོ་སྲིད་པའི་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག །