༢༠༡༣ ཟླ་ ༡༢ ཚེས་ ༣ རེས་གཟའ་མིག་དམར།
༄༅། །ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཊི་རོལ་གྱི་རྒྱལ་ས་བྷོལ་ཛ་ནོར་རྟེན་གཞི་བྱས་པའི་ཡུ་རོབ་ཤེས་ཡོན་བསྟི་གནས་ཁང་ European Academy of Bolzano གིས་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་ནང་སྲིད། དཔལ་འབྱོར། ཕྱི་དྲིལ། འཕྲོད་བསྟེན་བཅས་ལས་ཁུངས་ཁག་ལྔའི་བཀའ་བློན་རྣམ་པ་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢ ཉིན་ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཊི་རོལ་ South Tyrol དང་ཨི་ཊ་ལིའི་བྱང་ཕྱོགས་སུ་ཆགས་པའི་ཏེ་རེན་ཏོའི་ Trento ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད། ཕྱོགས་ཕེབས་སྐབས་གོ་སྒྲིག་ཚོགས་ཆུང་ནས་གོང་འཁོད་རང་སྐྱོང་མངའ་ཁུལ་གཉིས་ནང་རང་སྐྱོང་གི་གནས་བབ་སྐོར་དང་། ལྷག་པར་མངའ་ཁུལ་དེ་དག་ཨི་ཊ་ལི་སྤྱི་མཐུན་རྒྱལ་ཁབ་འོག་གནས་བཞིན་དུ་རང་སྐྱོང་གི་ཐོབ་ཐང་ལ་ལོངས་སུ་ཇི་ལྟར་སྤྱོད་བཞིན་ཡོད་སྐོར་སོགས་ཀྱི་གནད་དོན་ཐོག་ཚོགས་འདུ་མང་དག་ཅིག་གོ་སྒྲིག་ཞུས་ཡོད་པ་རྣམས་ལ་བོད་མིའི་སྐུ་ཚབ་རྣམ་པས་མཉམ་ཞུགས་གནང་ཡོད།
ཕྱི་ཚེས་ ༤ ཉིན་གྱི་ཕྱེད་ཡོལ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་མང་ཚོགས་ཁག་གཅིག་ལ་གསུང་བཤད་གནང་རྒྱུ་མ་ཟད། བཀའ་བློན་རྣམ་པས་ལྷོ་ཊི་རོལ་གྱི་གཙོ་འཛིན་སྐུ་ཞབས་ལུ་ཝི་སི་ཌམ་ཝལ་ཌར་ President Luis Durnwalder མཆོག་དང་ཏེ་རེན་ཏོའི་གཙོ་འཛིན་སྐུ་ཞབས་ཨུ་གོ་རོ་སི་ President Ugo Rossi མཆོག་བཅས་མཇལ་འཕྲད་གནང་ཡོད།
བདུན་ཕྲག་རྗེས་མར་བཀའ་བློན་རྣམ་པ་བྷེལ་ཇམ་དང་ཕ་རན་སི། ཇར་མ་ནི། ནེ་དྷར་ལེན་ཌི། སུད་སི་བཅས་ནང་ཕེབས་ཏེ་ས་གནས་བོད་རིགས་རྣམས་ལ་གསུང་བཤད་དང་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༢༤ འཁོར་བའི་དུས་དྲན་མཛད་སྒོར་མཉམ་ཞུགས་གནང་རྒྱུ་ཡིན་འདུག་པ་བཅས།.