༢༠༡༣ ཟླ་ ༡༢ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །གསར་འགྱུར་བརྒྱུད་ལམ་ཁག་གཅིག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཁམས་སྡེ་དགེ་དཔལ་ཡུལ་རྫོང་། གཏེར་ལུང་ས་གནས་སུ་རྒྱ་གཞུང་གིས་རང་བྱུང་གཏེར་ཁའི་གཏེར་རྡོ་དབོར་འདྲེན་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༥ ཉིན་ས་གནས་ཀྱི་བོད་མི་ཚོས་གཏེར་རྡོ་འཁྱེར་རྒྱུ་བཀག་འགོག་བྱས་པར་བརྟེན། བོད་མི་དགུ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག
འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། གཏེར་ལུང་ས་གནས་ཀྱི་དཔོན་པོ་རྒྱ་མི་ཞིག་དང་། དཔལ་ཡུལ་རྫོང་གི་ལས་བྱེད་འགའ་ཁ་མཐུན་བྱས་ཏེ་ཡུལ་དེའི་རང་བྱུང་གཏེར་ཁ་ཅན་གྱི་གཏེར་རྡོ་ཆེན་པོ་དེ་འདྲ་ནམ་རྒྱུན་ནས་བརྐུ་འཁྱེར་བྱེད་ཀྱི་ཡོད་པ་ལྟར། ས་གནས་བོད་མི་ཚོས། གཏེར་རྡོ་དེ་དག་ས་འདིའི་ས་བཅུད་ཡུལ་བཅུད་གསོ་བའི་ཕྱིར་དུ། སྔོན་བྱོན་དམ་པའི་སྐྱེས་བུ་རྣམས་ཀྱིས་བྱིན་གྱིས་རླབས་ནས་བཞག་པ་དེ་འདྲ་ཡིན་པས། དེ་ཚོ་ཁྱེར་སོང་ན། ཡུལ་ལ་ཆར་ཆུ་མི་འབབ་པ་དང་། ལོ་ཕྱུག་མི་ལེགས་པ། དེ་བཞིན་ནད་མུག་གོད་ཆག་ཡོང་གི་རེད། ཅེས་ཞུ་བ་འཐེན་ནས་བཀག་འགོག་བྱས་སྟབས། ཕྱི་ཚེས་ ༢༥ ཉིན་ས་གནས་དེ་གའི་བོད་མི་རྒྱ་གཞུང་གི་ལས་བྱེད་ལྔ་དང་། ཡུལ་དགོན་གཉིས་ཀྱིས་བསྐོས་པའི་འཐུས་མི་མི་བཞི་བཅས་མི་དགུ་ལ་དཔལ་ཡུལ་རྫོང་དུ་ཚོགས་འདུ་ཞིག་ཡོད་པར་ཡོང་དགོས་ཞེས་རྫོང་གིས་བཀའ་ཕབ་སྟེ་སྐད་བཏང་སྟེ་ཁོང་ཚོ་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་འདུག དེ་དག་ནི་སྨྲ་ཀོང་གྲོང་གི་དམ་ཆོས་ཚེ་བརྟན་ལགས། ཤིང་སྒོ་གྲོང་གི་བུ་འབྲིང་མ། གདོང་ཐོག་གྲོང་གི་རིན་ཆེན་ཚེ་རིང་ལགས། རྡོ་ལྷུང་གཤིས་ཀྱི་ཀུན་བཟང་ལྷུན་འགྲུབ་ལགས། དཔལ་འབར་གྲོང་གི་བཀྲ་ཤིས་ཚེ་རིང་ལགས། སྐལ་བཟང་ཆོས་སྒྲོན་ལགས། ཁོང་སྟོང་གྲོང་གི་པདྨ་དམ་ཆོས་ལགས། ཨོ་རྒྱན་ཕུན་ཚོགས་ལགས། ཨ་ཡི་གྲོང་གི་བཀྲ་ཤིས་རྡོ་རྗེ་ལགས་བཅས་རེད་འདུག
ལྷག་པར་ཕྱི་ཚེས་ ༢༧ ཉིན་བསྐྱར་དུ་ཨོ་རྒྱན་ཕུན་ཚོགས་ཀྱི་བུ་དང་། གཞན་གཅིག་བཅས་འཛིན་བཟུང་བྱས་འདུག ད་དུང་ཡུལ་དེའི་དགོན་སྡེ་ཁང་དམར་དགོན་པའི་བཤད་གྲྭ་གསར་བཟོའི་ཆེད་རྫོང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ཡུལ་དགོན་གཉིས་ཀྱིས་དུས་ཡུན་ཟླ་བ་གཅིག་རིང་། ཤིང་ཆ་མང་པོ་ཞིག་བཅད་ཡོད་པ་རྣམས་ཀྱང་དཔལ་ཡུལ་རྫོང་དུ་བཙན་ཁྱེར་བྱས་ཡོད་འདུག
སྤྱིར་ཕྱི་ལོ ༢༠༠༨ ནས་བཟུང་ས་གནས་འདིར་གོང་རིམ་ལས་བྱེད་ཚོས་རྒྱ་ནག་གི་རྒྱ་དར་བསྒྲེངས་དགོས་པའི་བཀའ་ཕབ་འདུག་སྟེ། མང་ཚོགས་ཀྱིས་དང་ལེན་མ་བྱས་པ་དང་། ཁུལ་ལས་ཁུངས་དང་། བྲག་རྡོའི་སྟེང་བོད་རང་བཙན་ཞེས་པའི་ཡི་གེ་མང་པོ་བྲིས་ཡོད་འདུག དེ་ཙམ་ནས་རྒྱ་གཞུང་གིས་མང་ཚོགས་ལ་ཆུ་གློག་ཆེན་པོ་དེ་འདྲ་ཞིག་སྤྲད་འདུག་མོད། བསླུ་བྲིད་བྱེད་ཀྱི་ཡོད་རེད་ཅེས་ལབ་ནས་མང་ཚོགས་ཀྱིས་ལེན་མི་འདུག དེ་བཞིན་ཡུལ་འདི་ནས་སྔོན་མ་སྟག་ལྤགས་གཟིག་ལྤགས་སོགས་པགས་པའི་རིགས་མེར་སྲེག་བཏང་བ་རེད། སྐབས་དེར་བོད་མི་ནོར་བཟང་ལགས་དང་། ཨོ་རྒྱན་ཚེ་འཕེལ་ལགས་གཉིས་འཛིན་བཟུང་བྱས་ནས་ཟླ་བ་ཁ་ཤས་བཙོན་འཇུག་བྱས་པ་མ་ཟད། ཨོ་རྒྱན་ཚེ་འཕེལ་ལགས་ནི་ཁ་སང་བསྐྱར་དུ་འཛིན་བཟུང་བྱས་འདུག
གཏེར་ལུང་ཞེས་པའི་ཡུལ་འདིར་རྒྱ་གཟའ་ཀོང་ཇོ་རྒྱ་ནག་ནས་བོད་དུ་ཕེབས་སྐབས་བྲིས་པའི་རྒྱལ་བ་རིགས་ལྔའི་བྲག་ངོས་ལྡེབས་རིས་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བདུད་སྲིན་བཏུལ་སྐབས་བདུད་སྲིན་གྱི་ཁྲག་དང་ཆུ་སེར། ཀླད་པ་བཅས་ལས་གྲུབ་པའི་མ་ཎི་རང་བྱོན་དཀར་དམར་སེར་གསུམ་ཅན་མཇལ་རྒྱུ་ ཡོད་ལ། གཏེར་སྟོན་ཉི་མ་གྲགས་པས་གཏེར་ནས་སྟོན་པའི་གནས་སོགས་གནས་རི་མང་པོ་ཞིག་ཡོད་པས་མ་ཚད། རང་བྱུང་ཁོར་ཡུག་ལ་མཚོན་ནའང་གཏེར་ཁས་ཕྱུག་པའི་ཡུལ་ལུང་ཞིག་ཡིན་སྟབས་མིང་དུའང་གཏེར་ལུང་ཞེས་ཐོགས་ཡོད།
དེང་སྐབས་གཏེར་ལུང་ཞེས་པ་ནི། སི་ཁྲོན་ཞིང་ཆེན། ཁམས་དཀར་མཛེས་ས་ཁུལ། དཔལ་ཡུལ་རྫོང་། གཏེར་ལུང་ཁུལ་གྱི་ཁོངས་གཏོགས་སུ་ཡོད།།