༢༠༡༠ ཟླ་ ༨ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་འབྲུག་ཆོས་འཁོར་སྡེ་ཕོ་བྲང་དུ་ཆོས་ཞུར་བཅར་བའི་ཕྱི་གླིང་བ། རུ་སུ། ཨི་ཊ་ལི། ཝི་ཏི་ནམ། ཀོ་རི་ཡ། རྒྱ་རིགས། ཕྱི་རྒྱལ་བ་མི་གྲངས་ ༢༠༠ ཙམ་དང་ཡུལ་མི་བཅས་ཁྱོན་བསྡོམས་མི་གྲངས་ ༤༠༠༠ བརྒལ་བར་མགོན་པོ་གང་ཉིད་མཆོག་གིས་སྔ་དྲོའི་རིང་སྔོན་འགྲོའི་གསུང་ཆོས་བྱང་ཆུབ་ལམ་གྱི་སྒྲོན་མེ་གཙོ་བོར་གྱུར་བའི་ནང་ཆོས་ངོ་སྤྲོད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་བ་དང་ཕྱི་དྲོ་བདེ་མཆོག་དྲིལ་བུ་ལྷ་ལྔའི་བཀའ་དབང་ཟབ་མོ་སྩལ་བར་དེར་འདུས་པའི་ཆོས་ཞུ་བ་རྣམས་ནས་དགའ་དད་སྤྲོ་གསུམ་ངང་ནས་གསུང་ཆོས་ཞུས་ཡོད། དེ་ཡང་སྔོན་འགྲོའི་གསུང་ཆོས་སྐབས་བཀའ་སློབ་ཕེབས་དོན། ནམ་རྒྱུན་ཆོས་འབྲེལ་བྱེད་སྐབས་སྔོན་ལ་སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་རྒྱུ་གཅིག་དང་ངོ་འཕྲོད་རྗེས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ཞེས་སྡེ་ཚན་གཉིས་སུ་ཕྱེ་ཡི་ཡོད།
སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་རྒྱུར་ཆོས་ཞེས་པ་འདི་ལོ་སྟོང་ཕྲག་རིང་སྤྱི་ཚོགས་ཀྱི་ལམ་ལུགས་སྲོལ་ལྟ་བུ་ཞིག་རེད་དམ་ཡང་ན་གང་རེད་དམ་ཞེ་ན། ལམ་ལུགས་སྲོལ་ལྟ་བུ་བརྩིས་པ་ཡིན་ན་སྤྱི་ཚོགས་འགྱུར་བ་འགྲོ་བཞིན་ཡོད། སྤྱི་ཚོགས་ཀྱི་འཚོ་བའི་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད། སྤྱི་ཚོགས་ཀྱིས་འཛམ་གླིང་སྤྱི་ལ་འབྲེལ་བ་བྱེད་རྒྱུ་རྒྱ་ཆེ་རུ་ཕྱིན་ཏེ་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་འགྲོ་གི་ཡོད། བརྙན་འཕྲིན་དང་དྲ་རྒྱ་སོགས་ཀྱིས་ས་གནས་ཁུག་ཀྱོག་གང་དུ་གནས་ཀྱང་འཛམ་གླིང་སྤྱི་དང་འབྲེལ་བ་བྱེད་ཐུབ་པ་ཆགས་ཡོད། དེར་བརྟེན་སྤྱི་ཚོགས་ཀྱི་གོམས་གཤིས་ཟེར་བ་དེ་དག་འགྱུར་འགྲོ་ཡི་རེད། འགྱུར་དགོས་པ་ཞིག་ཀྱང་རེད། དངོས་ཡོད་གནས་ཚུལ་འགྱུར་བ་འགྲོ་སྐབས་དེ་དང་མཐུན་པར་འགྱུར་བ་འགྲོ་དགོས། དཔེར་ན། ང་ཚོ་བཙན་བྱོལ་བོད་མིར་ཆ་བཞག་ན་འབྲོག་པ་བོད་ནས་ཡོང་བ་དེ་དག་སྐྱབས་བཅོལ་དུ་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་སུ་སླེབས་སྐབས་ང་ཚོ་འབྲོག་པའི་གོམས་གཤིས་ཡིན་ཞེས་པགས་ཚག་གྱོན་ནས་སྡོད་ཐུབ་ཐབས་མེད། སྤྱི་ཚོགས་ཀྱི་འགྱུར་བ་ཕྱིན་པ་དང་ཆབས་ཅིག་འགྱུར་བ་འགྲོ་རྒྱུ་རེད། དེར་བརྟེན་ཆོས་ཞེས་པ་འདི་ལམ་ལུགས་ཤིག་རེད་དམ་ཞེ་ན་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག
ཅེས་དང་ཡང་༸གོང་ས་མཆོག་གིས། བོད་གངས་ཅན་ལྗོངས་ནས་མར་ཆད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དེ་གང་རེད་དམ་ཞེ་ན། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་གསང་སྔགས་ཞེས་གང་ཟག་གཅིག་གིས་དུས་གཅིག་ལ་ཉམས་ལེན་བྱེད་རྒྱུ་ཡོད་པའི་བསྟན་པའི་སྲོལ་རྒྱུན་ཁྱབ་པ་ཞིག་རེད། བར་སྐབས་ངོས་རང་འདི་ཕྱོགས་ཡོང་མ་ཐུབ་པར་དུས་ཡུན་གང་ཙམ་སོང་བར་བརྟེན་མང་པོ་ཞིག་གི་ཡོང་རོགས་ཞེས་པ་ལྟར་ཡོང་བ་ཡིན། དེ་རིང་བོད་ཚེས་ཡར་ངོའི་ཚེས་བཅུ་འཁེལ་ཏེ་འཁོར་ལོ་སྡོམ་པའི་དུས་ཚིགས་ཤིག་རྩི་བཞིན་ཡོད། འཁོར་ལོ་སྡོམ་པའི་དབང་འདི་ཡར་ངོ་མར་ངོའི་ཚེས་བཅུ་དང་འཁེལ་ན་ཡག་པོ་བརྩིས་ཀྱི་ཡོད་པས་དེ་རིང་འདིར་དྲིལ་བུའི་ལུགས་ཀྱི་དབང་བྱེད་རྒྱུ་ཡིན། ཞེས་སྔོན་འགྲོའི་ནང་ཆོས་ངོ་སྤྲོད་ཀྱི་ནང་སྐྱབས་འགྲོ་དང་སྐྱབས་འགྲོའི་དགོས་པའི་སྐོར། སེམས་བསྐྱེད་སོགས་ཀྱི་ཆོས་འབྲེལ་མཛད་པ་མ་ཟད། རང་ཉིད་ཀྱི་ཕ་མེས་ནས་ཆོས་གང་ཡིན་པ་དེ་བྱེད་དགོས་པ་ལས་ཆོས་ལུགས་བསྒྱུར་ན་ཡག་པོ་མེད་སྐོར་བཀའ་ཕེབས་དོན། དེ་སྔ་དྲུག་ཅུའི་གཡས་གཡོན་སྐབས་བོད་གཞུང་གི་ལས་བྱེད་གཅིག་ཡོད་པ་ཁོ་རང་འདས་གྲོངས་གྱུར་བའི་ཤུལ་ལུས་སྐྱེད་དམན་དང་བུ་ཕྲུག་རྣམས་ལ་འཚོ་བའི་དཀའ་ངལ་འཕྲད་དེ་ཡེ་ཤུལ་ཆོས་ཚོགས་ཤིག་གིས་རོགས་བྱས་ཏེ་ཕྲུ་གུ་རྣམས་ཡེ་ཤུའི་སློབ་གྲྭར་འཁྲིད་པ་དང་ཨ་མ་དེར་མཐུན་རྐྱེན་རོགས་རམ་བྱས་འདུག་པས་ཨ་མ་དེ་ཉིན་གཅིག་ངོས་ཐུག་པར་བསླེབས་ཏེ་མོ་རང་གི་ལོ་རྒྱུས་རྣམས་བཤད་དེ་དཀའ་ལས་ཁག་པོ་བྱུང་སྐབས་ཡེ་ཤུལ་ཆོས་ཚོགས་དེས་རོགས་རམ་བྱས་བྱུང་བས་ཞེ་དྲག་བཀའ་དྲིན་ཆེན་པོ་ཡིན་དེ་འདྲ་ཡིན་དུས་ཚེ་འདི་ནི་ཡེ་ཤུ་ཡིན་ཡེ་ཤུའི་ཆོས་པ་བྱེད་ཀྱི་ཡིན། སྐྱེ་བ་ཕྱི་མ་དེ་ནི་ནང་པ་མ་གཏོགས་འགྲོ་རྒྱུ་མེད་ཅེས་བརྗོད་བྱུང་། དེ་ནི་ནང་པའང་མིན་ལ་ཡེ་ཤུལ་ཡང་མིན་པ་ཁྱེད་རང་ཚོ་ཡང་དེ་འདྲ་ཡོང་སྲིད་ཀྱི་རེད། ཕ་མེས་ནས་ནང་པ་བྱས་འཕྲལ་གྱི་རྐྱེན་པས་ཡེ་ཤུལ་བྱས་ཀྱང་ཤི་ཁར་ནང་པར་སེམས་ཐག་ཉེ་བ་ལྟ་བུ་དཀོན་མཆོག་གསུམ་དྲན་མཁན་ལྟ་བུའི་ཆགས་རྒྱུའི་ཉེན་ཁ་ཡོད། ངོས་ཀྱི་ཡེ་ཤུལ་ཆོས་པ་ངོ་ཤེས་དེ་འདྲ་ཡོད་ཧོབ་སྟེ་ཁ་ལ་ནང་པའི་ཆོས་ལ་དགའ་པོ་བྱས། ཤི་ཁར་གྷོ་ཊི་བསམ་བློ་འཁོར་སྡོད་མཁན་དེ་འདྲ་ཡོང་གི་འདུག དེ་འདྲ་ཡིན་དུས་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་དེ་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་ཡིན། དེ་རིང་ཁ་སང་སོག་པོའི་ནང་དང་ཧི་མ་ལ་ཡའི་རི་རྒྱུད་ནང་ཡེ་ཤུའི་ཆོས་ཆེད་མངགས་སྤེལ་རྒྱུ་དེ་འདྲ་ཡོང་གི་འདུག ངོས་ནས་ཆོས་གཅིག་གིས་གཅིག་ལ་སྤེལ་རྒྱུ་ཟེར་བ་དེ་དང་ཆོས་ལུགས་བསྒྱུར་རྒྱུ་ཟེར་བ་དེར་མོས་མཐུན་བྱེད་ཀྱི་མེད། ཕ་མེས་ཀྱི་ཆོས་ལུགས་བསྒྱུར་ན་ཡག་པོ་མ་རེད།
དེས་རྗེས་སུ་འགལ་བ་བཟོ་ཡི་རེད་ཡག་པོ་རྩ་བ་ནས་མ་རེད། ཅེས་སོགས་དང་བྱང་ཆུབ་ལམ་སྒྲོན་གྱི་སྔོན་འགྲོའི་གསུང་ཆོས་སྔ་དྲོ་ཆུ་ཚོད་ ༡༢ བར་སྩལ། དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༡ པོ་ནས་ ༤།༣༠ བར་བདེ་མཆོག་དྲིལ་བུ་ལྷ་ལྔའི་བཀའ་དབང་དངོས་གཞི་སྩལ། ཐེངས་འདིའི་གསུང་ཆོས་ཕྱིའི་སྐད་ཡིག་ཁག་བཞིའི་ཐོག་གསུང་བསྒྱུར་གནང་བཞིན་འདུག་པ་དེ་དག་ནི་དབྱིན་སྐད་དང་། རུ་སུའི་སྐད། ཨི་ཊ་ལིའི་སྐད། ཀོ་རི་ཡའི་སྐད། ཧིན་དིའི་སྐད་བཅས་ནང་བསྒྱུར་ཏེ་དད་ལྡན་མི་མང་རྣམས་ལ་དཔལ་འཁོར་ལོ་འདོམ་པའི་བཀའ་དབང་ཟབ་མོ་སྩལ་ཡོད་པ་བཅས།།