༢༠༡༣ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས ༣ དང། ༤ ཉིན་གཉིས་ནང་དུ་བོད་ཤར་ཕྱོགས་ཁམས་ནགས་ཤོད་འབྲི་རུ་རྫོང་བོམ་ཕན་ཤང་སྟེང་མཁར་གྲོང་གི་མི་གྲངས་ ༡༥ རང་དགར་འཛིན་བཟུང་བཀག་ཉར་བྱས་པ་དེ་དག་ལས་མི་ ༡༢ རེས་གཟའ་མིག་དམར་ཉིན་ཏེ་ཕྱི་ཚེས་ ༡༩ ཉིན་འབྲི་རུ་རྫོང་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་ནའང་། རང་ལོ་ ༤༩ ཡིན་པའི་གསར་སྐྱིད་ལགས། (བུད་མེད་) དང་། རང་ལོ ༤༧ ཡིན་པའི་མཚོ་ཕན་ལགས། (བུད་མེད་) རང་ལོ་ ༤༡ ཡིན་པའི་དགའ་སྦུག་ལགས། (སྐྱེས་པ་) བཅས་སྟེང་མཁར་གྲོང་མི་འདི་གསུམ་ད་དུང་གློད་བཀྲོལ་བཏང་མེད་པ་མ་ཟད། ས་ཕྱོགས་གཞན་དག་ལ་བཙན་འཁྲིད་བྱས་ཚར་ཡོད་འདུག གློད་བཀྲོལ་བཏང་བའི་མི་དེ་དག་ནི་རང་ལོ་ ༢༥ ཡིན་པའི་བུ་མོ་གཡང་སྐྱིད་ལགས། རང་ལོ་ ༢༢ ཡིན་པའི་ཚེ་རིང་ལགས། རང་ལོ་ ༢༡ ཡིན་པའི་ཚེ་རིང་ཕུན་ཚོགས་ལགས། རང་ལོ་ ༢༡ ཡིན་པའི་བཀྲ་རྡོར་ལགས། རང་ལོ་ ༡༧ ཡིན་པའི་ཀུན་གྲགས་ལགས། རང་ལོ་ ༢༢ ཡིན་པའི་བསྟན་པ་ལགས། རང་ལོ་ ༢༧ ཡིན་པའི་ཐུབ་ཆེན ལགས། རང་ལོ་ ༢༥ ཡིན་པའི་བསོད་བཀྲ་ལགས། རང་ལོ་ ༢༡ ཡིན་པའི་ཚེ་རིང་བྱང་ཆུབ་ལགས། རང་ལོ་ ༢༣ ཡིན་པའི་འཇིགས་མེད་ཕུན་ཚོགས་ལགས། རང་ལོ་ ༢༤ ཡིན་པའི་ལམ་བཟང་ལགས། རང་ལོ་ ༡༩ ཡིན་པའི་ཚེ་དབང་སྐྱབས་ལགས་བཅས་ཡིན།
གློད་བཀྲོལ་ཐོབ་པའི་བོད་མི་དེ་དག་ལ་ཆད་པ་རྒྱ་སྒོར་ ༡༠༠༠ ནས ༡༨༠༠ བར་བཅད་ཡོད་པ་མ་ཟད་རྗེས་སུ་ཡང་བསྐྱར་གནས་ཚུལ་ཅི་ཡང་ལྷག་མི་ཆོག་པའི་ཁས་ལེན་བྱེད་བཅུག་སྟེ་མཛུབ་ཐེལ་རྒྱག་ཏུ་བཅུག་ནས་བཏང་ཡོད་འདུག དེ་མིན་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་ཕྱི་དྲོའི་ཆུ་ཚོད ༤ པའི་ཐོག་ཁམས་འབྲི་རུ་རྫོང་བོམ་ཕན་ཤང་དགོན་ཤུལ་གྲོང་མི་འཕྲིན་ལས་དཔལ་མོ་ལགས་འབྲི་རུ་རྫོང་ཐོག་ནས་འཛིན་བཟུང་བཀག་ཉར་བྱས་འདུག་ལ། ད་ལྟའི་ཆར་ས་གནས་བཙོན་ཁང་དུ་འདྲི་རྩད་རྡུང་རྡེག་བྱས་ནས་བཅུག་ཡོད། ད་དུང་དེ་མིན་བོམ་ཕན་ཤང་སྟེང་མཁར་གྲོང་ནས་ཡིན་པའི་རང་ལོ་ ༢༡ ཙམ་སོན་པའི་ཚེ་རིང་རྒྱལ་མཚན་ལགས་ཀྱང་ཕྱི་ཚེས་ ༡༢ ཡས་མས་ལ་འཛིན་བཟུང་བཀག་ཉར་བྱས་རྗེས་བདུན་ཕྲག་གཅིག་རྗེས་ནས་རྒྱ་སྒོར་ ༡༠༠༠ ཙམ་ཆད་པ་བཅད་ནས་གློད་བཀྲོལ་བཏང་འདུག
ཕྱི་ཟླ་ ༩ པ་ནས་ཁམས་འབྲི་རུ་རྫོང་སྟོད་སྨད་བར་གསུམ་དུ་གནས་ཚུལ་རབས་དང་རིམ་པ་ལྷག་ཚུན་ས་གནས་དེར་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱེད་བཞིན་ཡོད་ལ། ཡུལ་མིའི་རྒྱུན་གཏན་འཚོ་བར་འགོག་རྐྱེན་ཆེན་པོ་བཟོ་བཞིན་ཡོད་པ་མ་ཟད། ཡུལ་མི་མང་པོ་ཞིག་དོན་ཡོད་དོན་མེད་ངང་འཛིན་བཟུང་བཀག་ཉར་དང་རྡུང་རྡེག་བཏང་དང་གཏོང་བཞིན་ཡོད་འདུག དེབཞིན་དྲ་བ་དང་ཁ་པར་སོགས་བརྡ་འཕྲིན་རིགས་མཐའ་དག་ལ་དམ་བསྒྲགས་ལྟ་རྟོག་ཧ་ཅང་ཆེ་སྟབས་འཛིན་བཟུང་བྱས་པའི་མི་ཉུང་མིན་ཞིག་གི་གནས་ཚུལ་ཕྱི་ཕྱོགས་སུ་གཏན་ནས་འབྱོར་ཐུབ་མེད།