༢༠༡༣ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་པདྨ་ཚེ་རིང་ལགས་ཀྱིས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༢ ཉིན་ཉི་ཧོང་གི་ཤི་ཛུ་ཀ་ Shizuoka གྲོང་ཁྱེར་གྱི་དབུས་སུ་ཆགས་པའི་ནི་ཧོན་དྷའི་ར་ Nihon Daira ཞེས་པར་ཉི་ཧོང་ནང་གི་ཆོས་ལུགས་འདྲ་མིན་གྱི་མཁན་པོས་གཙོས་དགེ་འདུན་པ་སོགས་དང་ལྷན་ཉི་ཧོང་གི་གནས་རི་ཁྱད་པར་ཅན་ཕུ་ཇི་ Mt. Fuji ཕྱོགས་སུ་ཞལ་གཟིགས་ནས་འཛམ་གླིང་ཡོངས་ལ་ཞི་བདེ་ཡོང་སླད་རང་རང་སོ་སོའི་ཆོས་ལུགས་ཀྱི་ཆོ་གའི་
སྒོ་ནས་སྨོན་ལམ་གསུང་འདོན་གནང་ཡོད། མཛད་རིམ་གོ་སྒྲིག་པ་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་དང་ཡུན་རིང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་སི་ཤུ་མ་ཀི་ནོ་ Mr. Seishu Makino མཆོག་གིས་དབུ་འབྱེད་གསུང་བཤད་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ཞུགས་གནང་མཁན་སེར་སྐྱ་མང་ཚོགས་ཡོངས་ལ་སྨོན་ལམ་གསུང་འདོན་དུ་ལྷན་འཛོམས་གནང་བར་བཀའ་དྲིན་རྗེས་དྲན་ཞུས་གནང་ཡོད།
ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཐེངས་འགའ་གནང་མྱོང་མཁན་སྐུ་ཞབས་མ་ཀི་ནོ་མཆོག་ནི་བོད་སྐྱོབས་ཚོགས་པའི་ཉི་ཧོང་ཡན་ལག་གི་ཚོགས་གཙོ་ཡིན་པ་དང་། བོད་སྐྱོབས་ཚོགས་པས་ཁུལ་འདིར་ཕྱི་ཚེས་༢༡ ཉིན་མང་ཚོགས་ལ་༸གོང་ས་མཆོག་གིས་དུས་རབས་ ༢༡ དེ་ཞི་བདེའི་དུས་རབས་ཤིག་ཏུ་ཡོང་ཐབས་སྐོར་བཀའ་སློབ་གོ་སྒྲིག་ཞུས་ནས་མུ་མཐུད་ཕྱི་ཚེས་ ༢༢ ཉིན་འཛམ་གླིང་ཡོངས་ལ་ཞི་བདེ་ཡོང་ཆེད་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་རྣམས་ལྷན་འཛོམས་ཐོག་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་ཡོད། སྨོན་ལམ་གསུང་འདོན་ལས་རིམ་གྱི་ཐོག་མར་༸གོང་ས་མཆོག་གིས་ཉི་ཧོང་བ་བཟའ་མི་གཉིས་ཀྱིས་བཞེངས་བའི་གངས་རི་ཕུ་ཇིའི་སྲུང་སྐྱོབས་ལྷ་མོའི་འདྲ་སྐུ་ཞིག་དབུ་འབྱེད་མཛད་ཡོད། དེ་རྗེས་ཉི་ཧོང་གི་ཆོས་བརྒྱུད་ཤིན་ཊོ་ Shinto དང་། ཡི་ཤུ། Christian ཁ་ཆེ། Muslim ཤུ་གྷན་དྷོ། Shugendo ཉི་ཧོང་ནང་པ། Japanese Buddhist བོད་བརྒྱུད་ནང་པ། Tibetan Buddhist སོ་སོའི་ཆོས་ལུགས་ཁག་གི་དབུ་ཁྲིད་མཁན་པོ་དང་དགེ་འདུན་པ་རྣམ་པས་རང་ལུགས་ཀྱི་སྒོ་ནས་སྦྱིན་སྲེག་དང་ཤེས་རབ་སྙིང་པོ་གསུང་འདོན་དང་བཅས་སྨོན་ལམ་གསུང་འདོན་གནང་ཡོད།
སྐབས་དེར་༸གོང་ས་མཆོག་གིས་དེར་འདུས་ཆོས་ལུགས་རྣམ་པའི་མཁན་བླ་དགེ་འདུན་དང་མང་ཚོགས་བཅས་ཁྱོན་མི་གྲངས་ ༡༠༠༠ ལྷག་ལ་བཀའ་སློབ་ཕེབས་དོན། དེ་རིང་འདིར་ཉི་ཧོང་ནང་གི་གངས་རི་མཐོ་ཤོས་ཡིན་པ་གནས་ཁྱད་པར་ཅན་འདིར་རིས་མེད་ཀྱི་ཆོས་བརྒྱུད་ཉམས་ལེན་པ་རྣམས་འདི་གར་ལྷན་འཛོམས་ཀྱིས་ཚང་མས་ལྷག་བསམ་དང་འདུན་པ་གཅིག་གྱུར་གྱི་ཐོག་ནས་སྐྱེ་འགྲོའི་བདེ་སྐྱིད་དང་། བདེ་སྐྱིད་ཀྱི་རྩ་བ་ཞི་བདེ་ཡོང་ཆེད་ཚང་མས་ཐུགས་སྨོན་མཚམས་སྦྱོར་གནང་རྒྱུར་ང་ཚོ་བོད་བརྒྱུད་ནང་པའང་འདིར་མཉམ་བཅར་ཞུ་རྒྱུ་བྱུང་བ་ཧ་ཅང་སྐལ་པ་བཟང་པོ་བྱུང་། དེར་བརྟེན་གྲ་སྒྲིག་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ང་རང་ཚོ་ཆོས་བརྒྱུད་མི་འདྲ་བ་དང་ལྟ་གྲུབ་མཁན་ཚོའི་ཉམས་ལེན་གཙོ་བོ་བྱམས་པ་དང་བརྩེ་བ། དེ་ཡང་མཐར་ཕྱིན་པ་ཞིག་ཡོང་རྒྱུར་སྔར་ལྷག་འབད་བརྩོན་བྱེད་དགོས། དེ་བཞིན་གཞན་ལ་འཁོན་འཛིན་མི་བྱ་རྒྱུ་དེ་རེད། བཟོད་པའི་ཉམས་ལེན་ཡང་སོ་སོའི་བདེ་བ་བློས་བཏང་ནས་འདོད་པ་ཆེན་པོ་མི་བྱེད་པར་ཆོག་ཤེས་བརྟེན་རྒྱུ་དང་། སོ་སོར་དགེ་སྐྱོན་ཤེས་པའི་ཐོག་ནས་རང་ཁྲིམས་སྲུང་རྒྱུ་དེ་ཚོ་ཆོས་ལུགས་ཚང་མར་གཅིག་གྱུར་ཡོད། དེར་བརྟེན་འཛམ་གླིང་འདིའི་སྒང་ལ་ཆོས་ལུགས་ལྟ་གྲུབ་ཡོད་མཁན་ཚོས་ལོ་སྟོང་ཕྲག་རིང་མི་ལ་ཕན་ཐོགས་བྱས་ཡོད། ད་དུང་ཡིན་རུང་མིར་ཕན་ཐོགས་སྒྲུབ་བཞིན་ཡོད་སྟབས། ཆོས་བརྒྱུད་ཁག་རྣམས་ཐུགས་མཐུན་ཁྲིམས་གཙང་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན།
ད་ལྟའི་དངོས་ཡོད་གནས་ཚུལ་ལ་འདས་པའི་ལོ་སྟོང་ཕྲག་ཁ་ཤས་ནང་འཛམ་གླིང་འདིའི་སྟེང་འཁྲུག་པ་རྒྱག་རྒྱུ་དེ་འདྲ་མང་པོ་ཞིག་ཆོས་བརྒྱུད་མི་འདྲ་བའི་མིང་འཁྱེར་ནས་ཡོང་གི་ཡོད། དེང་སྐབས་ཀྱང་འཛམ་གླིང་འདིའི་སྟེང་ཆོས་བརྒྱུད་མི་འདྲ་བའི་མིང་འཁྱེར་ནས་སྐབས་རེ་འཁྲུག་པ་རྒྱག་རྒྱུ་དེ་འདྲ་ཡོང་གི་འདུག ཧ་ཅང་བློ་ཕམ་གྱི་གནས་ཚུལ་རེད། ཆོས་བརྒྱུད་ཚང་མས་བྱམས་བརྩེ་དང་བཟོད་པའི་ཉམས་ལེན་སློབ་སྟོན་བྱེད་ཀྱི་ཡོད། ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་དགོས་རྒྱུ་དང་སྒྲུབ་ཐུབ་རྒྱུ་ཡོད་པ་ཞིག་རེད་ལ། དེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་རང་ལ་ཆ་བཞག་ན། ནང་པའི་དགེ་སློང་ཞིག་ཡིན། ཆོས་བརྒྱུད་ཕན་ཚུན་ངོ་ཤེས་པ་བྱས་ཏེ་གཅིག་གི་གཅིག་ལ་ཉམས་མྱོང་དང་ཆོས་ཉམས་ལེན་སྐོར་ཕན་ཚུན་སྐད་ཆ་ཤོད་སྐབས། དངོས་གནས་ཀྱི་ཆོས་བརྒྱུད་འདྲ་མིན་ནང་བྱམས་བརྩེ་ཡོད་པའི་ཐོག་ནས་དངོས་སུ་ལག་ལེན་ཐོག་ནས་དབུལ་ཕོངས་དང་ཉམ་ཐག་ལ་ཞབས་འདེགས་སྒྲུབ་རྒྱུ་ཡོང་གི་ཡོད།
དེར་བརྟེན་ཕན་ཚུན་དབར་གྱི་གནས་ཚུལ་ཡག་པོ་ཤེས་ན། ཆོས་བརྒྱུད་ཚང་མར་ཡ་རབས་སྤྱོད་བཟང་གི་བསླབ་བྱ་གཅིག་གྱུར་ཡོད་པ་ཏན་ཏན་རེད་འདུག ངོས་ལ་ཁ་ཆེ་དང་། ཡི་ཤུ། ཇིའུ་སོགས་ཆོས་གྲོགས་མང་པོ་ཡོད། ཆོས་གྲོགས་རང་གི་འདུ་ཤེས་བྱས་ཏེ་གཅིག་གིས་གཅིག་ལ་དད་པ་དག་སྣང་བྱས་ནས་ཧ་ཅང་ཡག་པོ་ཡོད། ལྟ་གྲུབ་ཐོག་ལ་མི་འདྲ་བ་ཡོད། གལ་ཆེ་ཤོས་ནི་ལྟ་གྲུབ་མི་འདྲ་བ་དེ་ཚོའི་དགོས་པ་གང་ཡིན། བསྒྲུབ་བྱ་གང་ཡིན་བསམ་བློ་བཏང་ན་ལྟ་གྲུབ་མི་འདྲ་བ་དེ་ཚོས་བྱམས་བརྩེའི་ཉམས་ལེན་གོང་འཕེལ་གཏོང་རྒྱུར་ཐབས་ལམ་འཛིན་གྱི་ཡོད་པ་གསལ་པོ་རེད། དེ་དགོས་ངེས་ཅན་ཞིག་ཡིན།
འདས་པའི་ལོ་ངོ་སྟོང་ཕྲག་གཉིས་གསུམ་ནང་ས་ཁུལ་འདྲ་མིན་ནང་སོ་སོའི་མི་རིགས་ཀྱི་གོམས་གཤིས་དང་རིག་གཞུང་འདྲ་མིན་ཡོད་མཁན་ནང་ཁམས་དང་མོས་པ་མི་འདྲ་བ་ཡོད་པ་གསལ་པོ་རེད། དེར་བརྟེན་རྩ་བའི་བྱམས་བརྩེ་གོང་འཕེལ་གཏོང་རྒྱུར་དམིགས་ཡུལ་གཅིག་གྱུར་ཐོག་ཐབས་ལམ་དེ་ཁམས་དང་མོས་པ། དབང་པོའི་ཁྱད་པར་མི་འདྲ་བ་ཡོད་པ་དེ་ལ་དེ་དང་འཚམ་པའི་ལྟ་གྲུབ་བྱུང་བ་ཡིན་ན། མི་ལའང་ཕན་ཐོགས་ཆེ་བ་ཡོད། དེར་བརྟེན་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་གལ་ཆེ་ཤོས་དེ་བསླབ་བྱ་གང་ཡོད་པ་ཚང་མས་དགོངས་པ་བཞེས་ན་མཐུན་སྒྲིལ་ཡོང་རྒྱུ་རང་ཤུགས་ཀྱི་ཡོང་གི་རེད། དེང་སྐབས་འཛམ་གླིང་འདིའི་སྒང་མི་དུང་ཕྱུར་ ༧༠ ལྷག་ཡོད། དེའི་ནང་དཀའ་ངལ་མང་པོ་ཞིག་ཡ་རབས་དང་དྲང་བདེན་གྱི་མ་འདང་བར་བརྟེན་ནས་དཀའ་ངལ་འཕྲད་བཞིན་ཡོད། ཡ་རབས་དང་དྲང་བདེན་ཡོང་རྒྱུའི་རྩ་བ་དེ་བྱམས་བརྩེར་ཐུག་གི་ཡོད།
བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་ཚང་མར་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད། སྐབས་སུ་བབས་པའི་ང་ཚོ་ཆོས་པ་ཚོས་ཆོས་བརྒྱུད་སོ་སོའི་བྱམས་བརྩེའི་བསླབ་བྱ་ཡོད་མཁན་ཚོའི་ངོས་ནས་བྱམས་བརྩེ་ཉམས་ལེན་ཡག་པོ་ཞིག་གནང་ནས་གཞན་ལའང་བྱམས་བརྩེའི་སློབ་སྟོན་གང་མང་གནང་ཐུབ་ཚེ། འཛམ་གླིང་ཞི་བདེ་བརྗོད་རྒྱུ་དེ་སེམས་ཀྱི་ཞི་བདེ་བརྒྱུད་ནས་ཡོང་དགོས་ཀྱི་ཡོད། སེམས་ཆགས་སྡང་གི་འཁྲུག་པ་ཞིག་ལ་ཞི་བདེ་ཡོང་ཐུབ་ཐབས་མེད། དེར་བརྟེན་ཐོག་མར་སེམས་ལ་ཞི་བདེ་ཞིག་བྱུང་། སེམས་ཀྱི་ཞི་བདེ་བརྒྱུད་ནས་ཁྱིམ་ཚང་ཞི་བདེ་ཡོད་པ། དེའི་ཐོག་ནས་སྤྱི་ཚོགས་ནང་ཞི་བདེ་ཡོད་པ་དེ་འདྲ་དགོས་ཀྱི་ཡོད།
དེར་བརྟེན་ང་རང་ཚོ་ཆོས་པ་ཚང་མས་སོ་སོའི་བྱམས་བརྩེ་ཉམས་ལེན་བྱེད་ཀྱི་ཡོད་སྟབས། སོ་སོའི་ངོས་ནས་སྔོན་ལ་ལག་ལེན་བསྟར་ཏེ་མི་གཞན་ལ་མིག་དཔེ་མཚོན་ཐུབ་པ་བྱེད་དགོས། དེ་ལྟ་བུའི་ལམ་ནས་སྤྱི་ཚོགས་སོགས་འགྲོ་བ་མི་སྤྱི་ལ་བྱམས་བརྩེ་གྲུབ་ཐུབ་ཐབས་གནང་རོགས། ཞེས་ཞུ་རྒྱུ་ཡིན། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་ཡིན་པའི་ཆ་ནས་གང་ཐུབ་ཅི་ཐུབ་བྱེད་བཞིན་ཡོད། ཆོས་གྲོགས་རྣམ་པ་ཚོས་དེ་དེ་བཞིན་གྱི་ཧུར་སྐྱེད་གནང་རོགས། ཞེས་ཞུ་རྒྱུ་ཡིན་ཞེས་བཀའ་སློབ་སྩལ། ཉིན་གུང་ལྗགས་སྨིན་བོད་སྐྱོབས་ཚོགས་པས་འདེགས་འབུལ་ཞུས་རྗེས་གྲོང་ཁྱེར་ཀི་ཡོ་ཊོར་ Kyoto ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།