༢༠༡༣ ཟླ་ ༡༡ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༠ ཉིན་གྱི་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གྲོས་ཚོགས་Japanese Parliament ཀྱི་ཚོགས་ཁང་ཞིག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་ཉི་ཧོང་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་བཀའ་སློབ་སྩལ་ཡོད། དེ་ཡང་༸གོང་ས་མཆོག་ཚོགས་ཁང་དུ་ཐོག་མར་༸ཞབས་སོར་འཁོད་སྐབས་གདན་ཞུ་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་ཨེ་རི་ཀོ་ཡ་མ་ཏ་ནི་ Eriko Yamatani མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་བགྲེས་པ་སྐུ་ཞབས་ཏ་ཀིའོ་ཧི་ར་ནུ་མ་ Takeo Hiranuma མཆོག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་ཚོགས་ཁང་ནང་དུ་ཆིབས་སྒྱུར་བསྐྱངས་སྐབས་ཉི་ཧོང་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་བརྒྱད་ཀྱིས་གྲོས་ཚོགས་འཐུས་མི་ཁྱོན་མི་གྲངས་ ༡༥༠ དང་གྲོས་ཚོགས་འཐུས་མི་ ༥༠ ཕེབས་བཅར་ཐུབ་མེད་ཀྱང་སྐུ་ཚབ་ཏུ་འབྲེལ་ཡོད་དྲུང་ཆེ་ ༥༠ མངགས་གཏོང་གནང་བ་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་ལྕམ་སྐུ་ཨེ་རི་ཀོ་ཡ་མ་ཏ་ནི་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུའི་གསུང་བཤད་དང་སྦྲགས་ངོ་སྤྲོད་གནང་ཡོད། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བརྩེ་བའི་མཛའ་གྲོགས་ཕོ་མོ་རྣམ་པ། ངོས་རང་དེ་རིང་འདི་ག་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་མགྲོན་འབོད་གནང་བ་ལྟར་སླར་ཡང་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང་།
དེར་བརྟེན་ངོས་ལ་མགྲོན་འབོད་གནང་མཁན་འབྲེལ་ཡོད་ཚང་མས་མཛའ་བརྩེའི་འདུ་ཤེས་ཤུགས་ཆེ་འཛིན་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་བ་དང་སྦྲགས། ང་ཚོས་མི་ཕན་ཚུན་དབར་གྱི་མི་འདྲ་བའི་ཁྱད་པར་ཕལ་པ་རྣམས་གཙོ་བཟུང་བྱས་པར་བརྟེན་དཀའ་ངལ་མང་དག་གཅིག་འཕྲད་བཞིན་ཡོད། སྤྱིར་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་འདོད་ཡོད་པ་མ་ཟད། བདེ་བ་སྒྲུབ་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་སུ་ཡོད། དེར་བརྟེན་གནས་སྟངས་དེའི་འོག་མི་ཕན་ཚུན་གཅིག་གིས་གཅིག་ལ་གནོད་སྐྱེལ་རྒྱུའི་གཞི་རྩ་གང་ཡང་ལྷག་མེད། འགྲོ་བ་མིའི་བྱུང་རབས་ལོ་རྒྱུས་ཁྲོད་ང་ཚོ་དང་ཁྱེད་ཚོ་ཞེས་ས་མཚམས་དབྱེ་ནས་མཐར་རྙོག་གྲ་ཡོང་གཞི་ཆགས་ཡོད། འགྲོ་བ་མིའི་གཞི་རིམ་གྱི་གནས་སྟངས་ཐོག་ནས་ལྟ་སྐབས་ཁྱེད་ཚོ་དང་ང་ཚོ་ཞེས་ཐ་དད་དབྱེ་གཞི་གང་ཡང་མེད། ང་ཚོ་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་གཅིག་ཆགས་ཡོད། སྤྱིར་མི་ཕན་ཚུན་དབར་ཁྱད་པར་གང་ཡང་མེད་པ་མིན། ང་ཚོ་ཕན་ཚུན་དབར་མི་འདྲ་བའི་ཁྱད་པར་ཡོད་པ་དེ་དག་ཕལ་པ་ཆགས་ཡོད། གཙོ་བོ་ང་ཚོ་ཚང་མ་གོ་ལ་སྔོན་པོ་འདིའི་སྟེང་འགྲོ་བ་མི་རིགས་ཁྱིམ་ཚང་གཅིག་ནང་གནས་ཡོད། གོ་ལ་སྔོན་པོ་འདི་ཁོ་ན་ང་ཚོའི་ཁྱིམ་ཚང་ཆགས་ཡོད། དེར་བརྟེན་ང་ཚོས་འགྲོ་བ་མིའི་ཁྱིམ་ཚང་འདི་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུར་འབད་བརྩོན་བྱེད་དགོས།
ཞེས་བཀའ་སློབ་སྩལ་བ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་དུས་རབས་ ༢༡ འདི་ཞི་བདེའི་དུས་རབས་ཤིག་ཏུ་འགྱུར་རྒྱུར་ཐུགས་རེ་མཛད་བཞིན་ཡོད་པ་དང་། འཛམ་གླིང་ནང་མི་འབོར་འཕེལ་རྒྱས་ཧ་ཅང་འགྲོ་བཞིན་པ་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པ། དེ་བཞིན་རང་བྱུང་གོད་ཆག་གི་དཀའ་ངལ་ཇེ་མང་དུ་འགྲོ་བཞིན་པ་སོགས་ལ་བརྟེན་ནས་ང་ཚོར་དཀའ་ངལ་མུ་མཐུད་འཕྲད་ངེས་ཡིན་པ་དང་། དཀའ་ངལ་དེ་དག་ལ་ང་ཚོས་མཉམ་རུབ་ཐོག་ནས་གདོང་ལེན་བྱེད་དགོས། འོན་ཀྱང་དེ་སྔ་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་ཌེན་མག་རྒྱལ་ས་ཀོ་པན་ཧེ་གན་ནང་འཚོགས་སྐབས་རྒྱལ་ཁབ་སོ་སོའི་སྒེར་གྱི་དོན་དག་དེ་གོ་ལ་སྤྱི་ཡོངས་ཀྱི་དོན་དག་ལས་གལ་ཆེ་བར་འཛིན་པར་བརྟེན་ལྷན་ཚོགས་ལམ་ལྷོང་ལྡན་པ་ཞིག་བྱུང་མེད། དཀའ་ངལ་དེ་དག་ཕན་ཚུན་གོ་བསྡུར་དང་སྦྱངས་བཤད་བྱས་ནས་སེལ་དགོས། ཞེས་དང་། ཡང་༸གོང་ས་མཆོག་གིས་གཞོན་སྐྱེས་ཚོར་དུས་རབས་ ༢༡ འདི་གྲོས་མོལ་གྱི་དུས་རབས་ཤིག་སྐྲུན་ཆེད་སེམས་ཤུགས་སྤེལ་གནང་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ་དོན། ཉི་ཧོང་རྒྱལ་ཁབ་འདི་ནི་ཆེས་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། ཨེ་ཤི་ཡའི་རྒྱལ་ཁབ་ནང་གི་རྒྱལ་ཁབ་རྩེ་ཕུད་གྲས་ཤིག་ཡིན་པ་མ་ཟད། ཞི་བདེའི་རིན་ཐང་གཙིགས་ཆེར་འཛིན་པའི་ཆོས་ལུགས་ཉམས་ལེན་བྱེད་མཁན་གྱི་རྒྱལ་ཁབ་གཅིག་ཆགས་ཡོད།
དེར་བརྟེན་ངོས་ཀྱིས་འཛམ་གླིང་ཞི་བདེ་ལྡན་པ་ཞིག་སྐྲུན་རྒྱུའི་རེ་བ་བྱེད་བཞིན་པ་དེར་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་ང་ཚོ་ཚང་མ་འཛམ་གླིང་ནང་འཚོ་གནས་བྱེད་བཞིན་པའི་མི་འབོར་ཐེར་འབུམ་བདུན་ཡོད་པའི་ཁྱིམ་ཚང་གཅིག་གི་ཆ་ཤས་ཡིན་པའི་འདུ་ཤེས་འཛིན་རྒྱུའི་གོམས་གཤིས་སྤེལ་ཐབས་བྱེད་བཞིན་ཡོད། ངོས་རང་ལ་ཆ་མཚོན་ན་ནང་པའི་དགེ་སློང་ཞིག་ཡིན། དེར་བརྟེན་ཆོས་ལུགས་ཕན་ཚུན་དབར་རྙོག་ཕྲ་འབྱུང་སྐབས་བློ་ཕམ་ཡོང་གི་འདུག གནས་ཚུལ་འདི་རིགས་ཉེ་ལམ་འབར་བའི་ནང་པ་དང་ཁ་ཆེའི་དབར་བྱུང་བ་འདི་ནི་ཧ་ཅང་བློ་ཕམ་པོ་རེད། ངོས་ཀྱིས་སྐབས་དེར་ནང་པའི་དགེ་འདུན་པ་ཚོར་ཁོང་ཁྲོ་ལང་སྐབས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་རས་སེམས་ནང་དྲན་གསོ་གཏོང་དགོས་པའི་འབོད་སྐུལ་ཞུས་པ་ཡིན། གལ་ཏེ་སྟོན་པ་བཅོམ་ལྡན་འདས་རང་ཉིད་སྐབས་དེར་ཞལ་བཞུགས་ཡོད་ཚེ་ཁ་ཆེ་མགོན་མེད་དེ་དག་འཇིགས་པ་ལས་སྐྱོབ་ངེས་ཡིན། ཞེས་བཀའ་སློབ་སླ་བ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་ཀྱི་མཛད་འགན་གཉིས་པའི་སྐོར་བཀའ་སློབ་སྩལ། དེ་ནས་༸གོང་ས་མཆོག་གིས་ཉི་ཧོང་སློབ་ཕྲུག་ཚོས་དབྱིན་སྐད་སྦྱང་རྒྱུ་གལ་ཆེ་ཡིན་པ་དང་། དབྱིན་སྐད་ནི་རྒྱལ་སྤྱིའི་སྐད་ཡིག་ཞིག་ཆགས་ཟིན་སྟབས་སྐད་ཡིག་འདི་བརྒྱུད་འཛམ་གླིང་ནང་ཕན་ཐོགས་རྒྱ་ཆེ་བ་བསྒྲུབ་ཐུབ་རྒྱུ་ཡིན་སྐོར་བཀའ་སྩལ་རྗེས། མཐར་༸གོང་ས་མཆོག་གིས་བོད་དོན་ཐོག་བཀའ་སློབ་སྩལ་དོན། ངོས་རང་མི་ལོ་ ༥༥ ཙམ་བཙན་བྱོལ་དུ་གནས་པའི་བོད་མི་སྐྱབས་བཅོལ་བ་ཞིག་ཡིན། བཙན་བྱོལ་དུ་སྡོད་རིང་མི་སྣ་ཧ་ཅང་མང་པོས་བོད་མིའི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ངོས་ཀྱིས་སྙིང་ཐག་པ་ནས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༠༡ ནས་ངོས་རང་བོད་མིའི་ཆབ་སྲིད་ལས་འགན་ནས་ཕྱེད་བགྲེས་ཡོལ་ཞུས་ཡོད།
དེ་རྗེས་ཕྱི་ལོ་ ༢༠༡༡ ལོར་བོད་མི་ཚོས་མང་གཙོའི་ལམ་ནས་ཆབ་སྲིད་འགོ་ཁྲིད་ཐད་ཀར་འོས་འདེམས་བྱས་པར་བརྟེན་ངོས་ཀྱིས་བོད་མིའི་ཆབ་སྲིད་འགོ་ཁྲིད་ཀྱི་ལས་འགན་ནས་བགྲེས་ཡོལ་ཆ་ཚང་ཞུས་པ་ཙམ་མ་ཟད། ཏཱ་ལའི་བླ་མས་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་བྱ་རྒྱུའི་ལུགས་སྲོལ་མཇུག་སྒྲིལ་བ་ཡིན། འདི་ནི་ངོས་ཀྱི་བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོའི་ལམ་སྲོལ་གོང་འཕེལ་གཏོང་ཆེད་ཞབས་འདེགས་ཕྲན་བུ་ཞུ་ཁུལ་ཡིན། ཞེས་བཀའ་སློབ་སྩལ་རྗེས་བོད་ཀྱི་ཁོར་ཡུག་ཐོག་བཀའ་སློབ་སྩལ་དོན། རྒྱ་རིགས་ཁོར་ཡུག་ཁྱད་ལས་པ་ཞིག་གིས་བོད་ནི་འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་བྱས་ཡོད། དེར་བརྟེན་བོད་ཀྱི་ཁོར་ཡུག་གནས་སྟངས་དེས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་ཁྱད་པར་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད། བོད་ཀྱི་ཁོར་ཡུག་འདི་བོད་མི་ཙམ་མིན་པར་ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་ནང་འཚོ་གནས་བྱེད་བཞིན་པའི་མི་འབོར་ཐེར་འབུམ་མང་པོའི་འཚོ་གནས་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པ་ནི་བོད་ཀྱི་རྒྱུག་ཆུ་དང་ཆུ་རྒྱུན་དེ་དག་ཆགས་ཡོད། ཅེས་བཀའ་སློབ་སྩལ་བ་མ་ཟད། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོའི་སྐོར་བཀའ་སློབ་སྩལ་དོན། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོར་མཚོན་ན་ཁོང་ཚོ་དངོས་ཡོད་གནས་ཚུལ་ཁས་ལེན་མཁན་དང་གནས་ཚུལ་ཁ་ཡོད་ལག་ཡོད་ཀྱི་སྲིད་བྱུས་ལག་བསྟར་བྱེད་མཁན་ཡིན་སྐོར་ངོས་ཀྱི་གྲོགས་པོ་མང་པོས་གསུངས་བྱུང་། ལྐོག་ཟའི་ཐོག་ད་སྟའི་སྲིད་འཛིན་སྐུ་ཞབས་ཞི་ཅིང་པིང་གིས་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད་པར་བརྟེན། གནད་དོན་དེའི་ཐོག་ཁོང་གིས་སྙིང་སྟོབས་ཆེན་པོས་ལག་བསྟར་བྱས་ཡོད། ཉེ་ལམ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་ཀྱི་གྲོས་ཚོགས་མཇུག་སྒྲིལ་བ་རེད། གྲོས་ཚོགས་སྐབས་རྒྱ་ནག་གྲོང་གསེབ་ས་ཁུལ་གྱི་མི་མང་ཉམས་ཐག་ཚོ་དང་ངལ་རྩོལ་བ་རྣམས་ཡར་རྒྱས་ཇི་འདྲ་གཏོང་དགོན་མིན་ཐོག་སེམས་འཚབ་ཆེན་པོ་བྱས་པ་མ་ཟད། ཁྲིམས་ལུགས་འགྲོ་སྟངས་འདི་རྒྱལ་སྤྱིའི་གནས་ཚད་དང་མཉམ་པ་ཞིག་ལ་བསླེབ་རྒྱུ་གལ་ཆེ་ཡིན་པར་ངོས་འཛིན་བྱས་ཡོད། རྒྱ་མི་རིགས་ཚོ་ངལ་རྩོལ་བྱེད་མཁན་གྱི་རིགས་ཤིག་ཡིན་པ་མ་ཟད། དངོས་ཡོད་གནས་ཚུལ་ཁས་ལེན་བྱེད་མཁན་ཞིག་ཡིན་པར་བརྟེན་རྒྱ་ནག་ནང་མ་འོངས་པར་བཟང་ཕྱོགས་ཀྱི་རེ་བ་ཁོང་ཚོར་རྒྱག་ཆོག ཅེས་བཀའ་སློབ་སྩལ་རྗེས་དྲི་བ་གཅིག་གཏོང་རྒྱུའི་གོ་སྐབས་སྩལ་སྐབས་བོད་ནང་དུ་རང་ལུས་མེར་སྲེག་དང་འབྲེལ་བའི་སྐོར་དྲི་བ་ཞུ་སྐབས་བཀའ་ལན་སྩལ་དོན།
གནས་ཚུལ་འདི་ནི་ཧ་ཅང་བློ་ཕམ་པོ་ཞིག་ཡིན། གནས་སྟངས་འདིས་བོད་མི་དེ་དག་གིས་རང་སྲོག་ཚུན་ཆད་བློས་བཏང་བྱེད་དགོས་པའི་དཀའ་སྡུག་ཧ་ཅང་འོག་གནས་ཡོད་པ་ནི་ཤིན་ཏུ་གསལ་པོ་མཚོན་ཐུབ། བོད་མི་དེ་དག་མྱོས་རྫས་ཀྱིས་བཟི་བ་དང་ནང་མིའི་རྙོག་གྲ་བྱུང་བ་སོགས་ཀྱི་དཀའ་ངལ་འོག་རང་ལུས་མེར་སྲེག་བཏང་བ་ཞིག་རྩ་བ་ནས་མིན། ངོས་ཀྱིས་ཁོང་ཚོར་འདམ་ག་ཞིག་སྤྲོད་རྒྱུ་ཡོད་ན་རང་སྲེག་མཚམས་འཇོག་བྱེད་དགོས་ཞེས་བརྗོད་ཐུབ་ཀྱང་། དེ་འདྲ་ཞིག་ངོས་ལ་གང་ཡང་སྤྲོད་རྒྱུའི་ཆ་རྐྱེན་མེད་སྟབས་ངོས་ཀྱིས་ཁོང་ཚོར་རང་སྲེག་མཚམས་འཇོག་བྱེད་དགོས་ཞེས་ཇི་ལྟར་བརྗོད་ཐུབ་བམ། དེ་ནི་གཙོ་བོ་རྒྱ་ནག་འགོ་ཁྲིད་ཚོས་བོད་མི་ཧ་ཅང་མང་པོས་རང་ལུས་མེར་གཏོང་དགོས་པའི་དངོས་ཡོད་གནས་ཚུལ་གང་ཡིན་རྟོག་ཞིབ་ནན་པོ་བྱེད་དགོས། གནས་ཚུལ་འདི་ཧ་ཅང་སེམས་སྐྱོ་བོ་ཡིན། ལྷག་པར་ཕྲུ་གུ་ཆུང་ཆུང་གི་ཨ་མ་གཞོན་སྐྱེས་ཚོས་དེ་ལྟར་བྱས་པ་ནི་ཧ་ཅང་བློ་ཕམ་པོ་རེད། ཅེས་བཀའ་ལན་སྩལ་རྗེས་ཚོགས་ཁང་ནས་ཆིབས་སྒྱུར་བསྐྱངས།
ཚོགས་ཁང་དེའི་ནང་མགོན་པོ་གང་ཉིད་མཆོག་གིས་རྒྱ་ལྕོག་ཉེ་འགྲམ་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པ་ཞིག་ལ་གཟིགས་ནས་བཀའ་སློབ་སྩལ་དོན། ངོས་རང་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་གི་རྒྱལ་ས་པེ་ཀིང་དུ་མའོ་ཀྲུ་ཞི་དང་མཇལ་འཕྲད་སྐབས་ཁོང་གིས་བོད་ལ་རྒྱལ་དར་ཡོད་དམ། ཞེས་སྐད་ཆ་དྲིས་བྱུང་བར་སྐབས་དེར་ངོས་ཀྱིས་བོད་ལ་རྒྱལ་དར་ཡོད་སྐོར་ཞུས་པ་ཡིན། སྐབས་དེར་ཁོང་གིས་དེ་འདྲ་ཡིན་ན་ཧ་ཅང་ཡག་པོ་རེད། རྒྱ་ནག་གི་རྒྱལ་དར་དང་ལྷན་དུ་སྒྲེང་འཛུགས་བྱེད་དགོས་པའི་ལམ་སྟོན་གནང་བྱུང་། དེར་བརྟེན་དེང་སྐབས་རྒྱ་ནག་འགོ་ཁྲིད་མཁྲེགས་འཛིན་པ་ཚོས་བོད་ཀྱི་རྒྱལ་དར་འདི་ཁ་བྲལ་བའི་མཚོན་རྟགས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། ངོས་ཀྱིས་བསམ་པར་འདི་ནི་མའོ་ཙེ་ཏུང་གིས་ཆོག་མཆན་ཐོབ་ཡོད་བསམ་དྲན་གྱི་འདུག་ཅེས་བཀའ་སློབ་སྩལ།
སྤྱིར་དེ་ཉིན་སྔ་དྲོ་ཐོག་མར་༸གོང་ས་མཆོག་གིས་ཉི་ཧོང་དུ་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་གཞོན་སྐྱེས་ཁག་གཅིག་ལ་མཇལ་ཁ་སྩལ་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་སོགས་ཀྱི་ལམ་སྟོན་བཀའ་སློབ་སྩལ། དེ་རྗེས་རྒྱ་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་ནས་ནང་ཆོས་ནས་གསུང་པའི་ཆོས་དང་ལྟ་གྲུབ་ཀྱི་རྣམ་གཞག དེ་བཞིན་ཚན་རིག་གི་རྣམ་གཞག་སོགས་དབྱེ་འབྱེད་མཛད་ནས་ནང་ཆོས་ཉམས་ལེན་པ་ཚོའི་དམིགས་ཡུལ་གཙོ་བོ་ནི་མི་ཤེས་པའི་རྨོངས་པ་སེལ་ནས་ཤེས་བྱ་བློ་གྲོས་རྒྱས་ཐབས་བྱ་རྒྱུ་ཡིན་པར་བརྟེན་དེང་སྐབས་ནང་པ་ཚོར་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་སྩོལ་བཞིན་ཡོད་སྐོར་བཀའ་སློབ་སྩལ།།