༢༠༡༣ ཟླ་ ༡༡ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ཨིན་དར་གྷན་དི་རྒྱལ་ཡོངས་སྒྱུ་རྩལ་བསྟི་གནས་ཁང་དུ་ Indira Gandhi National Centre for the Arts ༸ཞབས་སོར་འཁོད་མཚམས་ཨེ་ཤི་ཡའི་ནང་དཔལ་ན་ལེཎྜའི་སྲོལ་རྒྱུན་ནས་དར་བའི་ནང་ཆོས་སྐོར་གྱི་རྒྱལ་ཡོངས་ལྷན་ཚོགས་དབུ་འབྱེད་མཛད་ཡོད། དེ་ཡང་སྐབས་དེར་ལྡི་ལི་བོད་ཁང་གི་འགན་འཛིན་དང་སྐུའི་དབྱིན་སྐད་གསུང་སྒྱུར་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་དང་ལྷན་ཚོགས་ཀྱི་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་བྷི་ནོ་ཡི་ Benoy K Behl ལགས། དེ་བཞིན་འབུམ་རམ་པ་ལྕམ་སྐུ་ཀ་པི་ལཱ་ཝཏྶཱ་ཡན་ Dr Kapila Vatsyayan ལགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་རྗེས་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མར་ཨིན་དར་གྷན་དི་རྒྱལ་ཡོངས་སྒྱུ་རྩལ་བསྟི་གནས་ཁང་གི་ཚོགས་གཙོ་མཆོག་གིས་སྐུ་ཞབས་ཅིན་མ་ཡཱ་གྷ་རེ་ཁན་ Chinmaya Gharekhan ལགས་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འགྲོ་བ་མིའི་རིགས་ཀྱི་ལམ་སྣེ་འཁྲིད་གནང་མཛད་མཁན་ཞིག་ཡིན་པ་མ་ཟད། ཨེ་ཤི་ཡའི་ནང་དཔལ་ནལེཎྜའི་སྲོལ་རྒྱུན་གྱི་ནང་ཆོས་ཉམས་ལེན་མཛད་མཁན་གྱི་མཚོན་དོན་ཞིག་ཀྱང་ཆགས་ཡོད། ཅེས་སོགས་ཀྱི་ཆེ་བསྟོད་ཞུས་ཡོད། དེ་རྗེས་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་དཔལ་ན་ལེཎྜའི་སྲོལ་རྒྱུན་ནས་དར་བའི་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཤུགས་ཆེ་བྱེད་བཞིན་པ་དེ་གཙོ་བོ་༸གོང་ས་མཆོག་གིས་ཐུགས་རྗེས་བཀྲིན་ལ་རྟེན་ནས་བྱུང་བ་ཞིག་ཡིན་སྐོར་དང་། ལྷག་པར་གནའ་བོའི་རྒྱ་གར་ནང་པའི་གཙུག་ལག་སློབ་ཁང་དཔལ་ནལེཎྜ་ལྟ་བུར་ཆ་མཚོན་ན་དེའི་ནང་ནས་བྱུང་བའི་དེང་སྐབས་རྟེན་བྱུང་གི་རྣམ་གཞག་དང་སེམས་ཁམས་རིག་པའི་རྣམ་གཞག་ཐོག་བགྲོ་གླེང་བྱེད་སྲོལ་ཡོད་པ་ལྟར་ལྟ་གྲུབ་རྣམ་གཞག་ཐོག་རིག་པའི་ལམ་ནས་རྩོད་པ་གནང་སྲོལ་ཡོད་པ་ཙམ་མ་ཟད། གྲུབ་མཐའ་དང་ཚད་མའི་རྣམ་གཞག་ལ་གཞི་བཅོལ་ཏེ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ཚུལ་བཞིན་དུ་གནང་སྲོལ་ཡོད། ཅེས་གསུངས། དེ་རྗེས་དངོས་བྱུང་གློག་བརྙན་བཟོ་མཁན་སྐུ་ཞབས་བྷི་ནོ་ཡི་ཀེ་བྷེལ་ལགས་ཀྱིས་བཟོས་པའི་ན་ལེཎྜའི་སྐོར་གྱི་གློག་བརྙན་སྤྱན་འབུལ་ཞུས་པ་དང་སྦྲགས། གློག་བརྙན་བཟོ་སྐྲུན་ལས་གཞིར་མཐུན་འགྱུར་གནང་མཁན་ཝར་ཎཱ་བོད་ཀྱི་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་ངག་དབང་བསམ་བསྟན་ལགས་ལ་ཐུགས་རྗེ་ཆེ་ཞུས།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་བཀའ་སློབ་སྩལ་དོན། ཐོག་མར་ངོས་ཀྱིས་ཨིན་དར་གྷན་དི་རྒྱལ་ཡོངས་སྒྱུ་རྩལ་བསྟི་གནས་ཁང་དང་བོད་ཁང་གཉིས་ཀྱིས་དཔལ་ན་ལེཎྜའི་སྲོལ་རྒྱུན་ཐོག་ཆེད་གཉེར་གྱིས་དོ་སྣང་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་ཐོག་མར་འབྱོར་སྐབས་ན་ལེཎྜས་མཚོན་རྒྱ་གར་གྱི་གནས་མང་པོ་མཇལ་རྒྱུའི་གོ་སྐབས་ཐོབ་བྱུང་། སྤྱིར་ངོས་རང་བོད་དུ་ཡོད་སྐབས་ནས་ན་ལཎྜ་ཞེས་པའི་མཚན་འདི་བསྟན་བཅོས་མང་པོའི་ནང་ཡོད་པར་བརྟེན་ཐོས་མྱོང་ཡོད། བོད་གངས་ཅན་གྱི་ལྗོངས་སུ་དར་བའི་ནང་པ་སངས་པའི་བསྟན་པ་འདི་ཁུངས་གཏུགས་ན་དཔལ་ན་ལེཎྜ་ནས་དར་བའི་བསྟན་བཅོས་དེ་དག་ལ་ཁུངས་གཏུགས་ཐུབ། ང་ཚོས་ཆུང་དུས་ནང་ཆོས་སློབ་གཉེར་བྱེད་སྐབས་ཐོག་མར་དཔེ་ཆ་བློ་འཛིན་བྱེད་སྲོལ་ཡོད། དེ་ནས་ཚིག་འབྲུ་རེ་རེར་སློབ་སྦྱོང་བྱས་ནས་མཐར་རང་གི་འཛིན་གྲོགས་དང་ལྷན་རྟགས་བསལ་བཏང་སྟེ་གཞུང་ལུགས་རྣམས་ཀྱི་ནང་དོན་གཏིང་ཟབ་མོ་ཡོད་པ་དེ་དག་གི་གོ་དོན་ཅིས་ཕྱིན་པ་རྟོགས་ཐབས་བྱེད་སྲོལ་ཡོད། ངོས་རང་ལོ་ ༦།༧ ཙམ་ནས་དཔེ་ཆ་ལྟ་རྒྱུར་ཕྲན་བུ་ཉོབ་སྣང་དང་བཅས་ལམ་སྲོལ་དེ་རྒྱུན་འཛིན་བྱས་པ་ཡིན། འོན་ཀྱང་རིམ་བཞིན་ལོ་ན་ཡར་སོན་སྐབས་ནང་དོན་རིག་པའི་གཞུང་ལུགས་དེ་དག་ལ་དོ་སྣང་ཤུགས་ཆེར་བསླེབས་ཏེ་རྒྱ་གར་གྱི་པཎ་གྲུབ་དང་ལོ་པཎ་རྣམས་ཀྱི་མཛད་རྗེས་ལ་ཡི་རང་དང་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་།
ད་སྐབས་དཔལ་ནལེཎྜའི་བསྟི་གནས་དེ་བཞིན་གྱང་རོ་ཆགས་ནས་ཡོད། འོན་ཀྱང་བསྟི་གནས་ཁང་དེ་ནས་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་དང་། ལྷག་པར་ལེགས་སྦྱར་སྐད་ནས་དར་བའི་སྟོན་པའི་བསྟན་པ་སྨད་དུ་བྱུང་བ་དེ་དག་དར་འཕེལ་འགྲོ་བཞིན་ཡོད། རྒྱ་ནག་དང་བོད་དུ་ལེགས་སྦྱར་སྐད་ལ་རྟེན་པའི་སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པ་དར་འཕེལ་བྱུང་བ་མ་ཟད། ལྷག་པར་བོད་ནང་སངས་རྒྱས་ཀྱི་བསྟན་པ་དེར་འཛིན་སྐྱོང་སྤེལ་གསུམ་སྒོ་ནས་ཆེ་ཆེར་དར་ཡོད། དེ་ཡང་སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱིས་འདུལ་བྱ་རྣམས་ལ་སྟོན་པའི་གསུང་ལ་དད་པ་ཙམ་གྱིས་མི་ཆོག་པར་རིག་པའི་ལམ་ནས་རྟགས་ཤིང་དཔྱད་དགོས་པ་བཀའ་གནང་ཡོད། དེར་བརྟེན་ཀླུ་སྒྲུབ་དང་ཨཱརྱ་དེ་བཱ། སངས་རྒྱབས་བསྐྱངས། ཟླ་བ་གྲགས་པ། ཞི་བ་ལྷ་སོགས་ཀྱིས་སྟོན་པའི་བཀའ་བཞིན་ཕྱག་བསྟར་མཛད་དེ་དམ་པའི་དོན་ལ་རིག་པའི་ལམ་ནས་རྟགས་ཤིང་བཅད་ཡོད།
དེང་སྐབས་སུ་ཚན་རིག་པའི་ཁྲོད་ཕྱི་དངོས་པོའི་གནས་ལུགས་མཐར་ཐུག་ཇི་ཡིན་ཐོག་དཔྱད་པ་བྱེད་མཁན་རིགས་ཅིག་ཐོན་བཞིན་ཡོད། ངོས་ཀྱིས་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་ཚན་རིག་པ་དང་ཐུག་འཕྲད་ཀྱིས་བགྲོ་གླེང་བྱ་རྒྱུའི་ལས་གཞི་ཞིག་འགོ་བརྩམས་ཡོད། དེང་སྐབས་ཚན་རིག་པ་མང་པོ་ཞིག་གིས་དཔལ་ན་ལེཎྜའི་མཁས་པས་སེམས་ཀྱི་རྣམ་གཞག་སྐོར་གསུང་པའི་བསྟན་བཅོས་རྣམས་ལ་དོ་སྣང་ཧ་ཅང་གནང་གི་འདུག ང་ཚོ་བོད་པར་མཚོན་ན་རྒྱ་གར་ང་ཚོའི་བླ་མ་དང་ང་ཚོ་རྒྱ་གར་གྱི་སློབ་མ་ཆགས་ཡོད། ངོས་རང་རྒྱ་གར་གྱི་བུ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ངོས་ཀྱི་ལུས་པོར་མཚོན་ན་རྒྱ་གར་གྱི་འབྲས་དང་བག་ལེབ་ཀྱིས་འཚོ་ཡོད། ངོས་ཀྱི་ཀླད་པའི་ནང་གང་སྦྱངས་པའི་ཡོན་ཏན་དེ་དག་རྒྱ་གར་གྱི་རིག་གཞུང་ཆགས་ཡོད།
རྒྱ་གར་ནང་ལོ་ངོ་སྟོང་ཕྲག་རིང་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་གནས་ཐུབ་ཡོད། རྒྱ་གར་གནའ་བོའི་སྲོལ་རྒྱུན་ནང་ཆོས་ལུགས་ཚང་མར་གུས་བརྩི་བྱེད་སྲོལ་ཡོད། ལྷན་ཚོགས་འདི་ལྟ་བུས་དཔལ་ན་ལེཎྜའི་སྲོལ་རྒྱུན་གྱི་ལེགས་བཤད་དེ་དག་གི་རིན་ཐང་དྲན་གསོ་གཏོང་རྒྱུར་ཧ་ཅང་ཕན་ཐོགས་ཡོང་ངེས། ཞེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན། ༸གོང་ས་མཆོག་གིས་ལྷན་ཚོགས་དེའི་དྲན་རྟེན་ཆེད་བྱང་ཆུབ་ལྗོན་ཤིང་ཞིག་འདེབས་འཛུགས་མཛད། ལྗོན་ཤིང་དེའི་ས་བོན་ནལེཎྜ་ནས་འཁྱེར་ཡོད་འདུག
དེ་ནས་༸གོང་ས་མཆོག་གིས་སྐུ་ཞབས་བྷི་ནོ་ཡི་ཀེ་བྷེལ་ལགས་ཀྱིས་གོ་སྒྲིག་གནང་བའི་པར་རིགས་འགྲེམས་སྟོན་ཡོད་སར་ཆིབས་སྒྱུར་བསྐྱངས་ནས་པར་རིགས་རྣམས་ལ་ཐུགས་ཞིབ་མཛད། ཁུལ་དེར་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ཁག་གཅིག་གིས་རྡུལ་མཚོན་དཀྱིལ་འཁོར་བཞེངས་པ་དེར་རབ་གནས་མཛད་ཡོད་པ་བཅས།།