༢༠༠༩ ཕྱི་ཟླ་ ༨ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ལ་དྭགས་ནང་པའི་ཆོས་ཚོགས་དང་ལ་དྭགས་ལ་སྤྱི་གཉིས་ཀྱིས་གོ་སྒྲིག་འོག་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་སྟབས་བསྟུན་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ལྔ་བཅུའི་དུས་དྲན་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་ཞིག་ལ་དྭགས་ཕོ་བྲང་ཞི་བའི་ཚལ་དུ་སྒྲིག་བཤམས་གནང་ཡོད།
– དེ་ཉིན་གྱི་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས་རྒྱ་གར་གཞུང་དང་མི་མང་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་གསུང་བཤད་གནང་རྗེས་ལ་དྭགས་ས་གནས་འགོ་འཛིན་བུ་ཆུང་བཀྲིས་ལགས་ནས་བཀའ་ཤག་གི་གསུང་བཤད་སྒྲོགས་སབྱང་ཞུས། དེ་ནས་ས་གནས་ཁག་དང་སློབ་གྲྭ་ཁག་གི་རིག་གཞུང་འཁྲབ་སྟོན་དབུ་འཛུགས་དང་ལྷན་ལ་དྭགས་ནང་པའི་ཚོགས་པ་དང་ཧི་མ་ལ་ཡའི་རིག་གཞུང་ཚོགས་པ་གཉིས་ནས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ཟངས་མདོག་དཔལ་རི་ནས་ཕོ་བྲང་ཞི་བའི་ཚལ་དུ་གདན་འདྲེན་ཞུས་རྗེས་མཛད་སྒོ་རྒྱལ་ཁའི་ངང་གྲོལ། དེ་ཉིན་གྱི་མཛད་སྒོ་དང་འགྲེམས་སྟོན་ལ་ལྟ་ཆེད་མི་མང་ལྔ་སྟོང་བརྒལ་བར་ཆེད་ཕེབས་གནང་ཡོད། དེ་བཞིན་ད་རེས་ཀྱི་འགྲེམས་སྟོན་ནི་ས་སྐྱ་བརྟན་འགྱུར་དགོན་པ་དང་། རྟ་པོ་གསེར་ཀོང་སློབ་གྲྭ། ནག་སྒོ་ས་གནས་དགོན་པ། པུ་གྲོང་གསེབ། ཀི་ནོར་རྫོང་། ཀི་ནོ་རྫོང་གི་རྒྱལ་ས་རི་པི་ཧོང་། ཟངས་དཀར་བཅས་ཁག་སོ་སོར་པར་རིགས་འགྲེམས་སྟོན་གནང་བ་དང་ཆབས་ཅིག་༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་བརྙན་འཕྲིན་ཁག་གཅིག་ཀྱང་བསྟན་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།