༢༠༡༣ ཟླ་ ༡༡ ཚེས་ ༡༡ རེས་གཟའ་ཟླ་བ།

ཚེས་༧ ཉིན་ཕ་རིན་སི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རྣམ་ གཉིས་དང་འཐུས་མི་ཁག་ཅིག
༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་སྤྱི་འཐུས་རྣམ་པ་བཞི་ཟླ་བ་འདིའི་ཕྱི་ཚེས་ ༣ ནས་འགོ་འཛུགས་ཀྱིས་ཡུ་རོབ་རྒྱལ་ཁབ་ལྔའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་དང་བསྟུན། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༧ ཉིན་ཕ་རན་སི་གྲོས་ཚོགས་གོང་འོག་གི་བོད་དོན་རྒྱབ་སྐྱོར་ཚོགས་ཚུང་གི་ཚོ་གཙོ་རྣམ་གཉིས་ཀྱི་གདན་ཞུས་ལྟར་ཕ་རན་སི་གྲོས་ཚོགས་ནང་བོད་དོན་གླེང་སློང་གི་ཞུ་འབོད་གནང་འདུག
དེ་ཡང་ཕྱི་ཚེས་ ༦ ཉིན་ཕྱེད་ཡོལ་ཆུ་ཚོད་ ༢ ཙམ་ལ་སྤྱི་འཐུས་རྣམ་པ་བྷེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནས་ཕ་རིན་སིའི་རྒྱལ་ས་པེ་རི་སིར་ཕེབས་འབྱོར་གྱིས་ཉིན་དེར་བོད་ཀྱི་སྐུ་ཚབ་དོན་ཁང་ནང་ཕ་རན་སི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གིས་སྤྱི་འཐུས་རྣམ་པར་ཕེབས་བསུའི་སྣེ་ལེན་དང་འབྲེལ་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་སྐོང་ཚོགས་གནང་འདུག སྐབས་དེར་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་པ་དང་ཆབས་ཅིག་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག
དེ་བཞིན་ཕྱི ཚེས་ ༧ ཉིན་ཕ་རན་སི་གྲོས་ཚོགས་གོང་འོག་གཉིས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རྣམ་གཉིས་ཀྱིས་གཙོས་འཐུས་མི་རྣམས་ནས་མགྲོན་འབོད་གནང་བ་ལྟར། སྤྱི་འཐུས་རྣམ་པས་ཕ་རན་སིའི་གྲོས་ཚོགས་ནང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད་ཀྱི་རེ་སྐུལ་བཏོན་གནང་འདུག

ཚེས་༧ ཕ་རིན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་དབུས་ གྲོས་ཚོགས་གོང་མའི་འཐུས་མི་བརྒྱད་དང་དྲུང་ཆེ་བཅས་ཀྱི་ལྷན།
དེ་བཞིན་ཕྱི་དྲོ་ཁུལ་དེར་གནས་སྡོད་བོད་རིགས་མང་ཚོགས་རྣམས་དང་མཇལ་འཕྲད་ཀྱིས་གླེང་བརྗོད་ཆ་བགོས་ཀྱིས་ལམ་སྟོན་གསུང་བཤད་གནང་འདུག སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་ཕྱོགས་བསྡོམས་དང་འབྲེལ་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད། རྩ་བའི་ལས་རིམ་ལྟར་ན་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༨ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སི་ནས་མེ་འཁོར་བརྒྱུད་ནེ་ཌར་ལེན་ཌིའི་རྒྱལ་ས་ཨེམ་སི་ཊར་ཌེན་དུ་ཕེབས་ཐོན་གྱིས་ཁུལ་དེར་ཉིན་གྲངས་ ༣ རིང་གི་ལས་རིམ་ཁག་གྲུབ་རྗེས། འཇར་མ་ནི་དང་དེ་ནས་དབྱིན་ཡུལ་བཅས་སུ་ཕྱོགས་ཕེབས་གནང་སྟེ། རྒྱལ་ཁབ་སོ་སོའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བའི་ཚོགས་སྒེར་ཁག་གི་སྐུ་ཚབ་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་གསལ་སྟོན་གནང་ཐོག བོད་དོན་ཞུ་འབོད་གནང་རྒྱུ་མ་ཟད། ཁུལ་སོ་སོར་གནས་སྡོད་བོད་རིགས་རྣམས་ཐུག་འཕྲད་ཀྱིས་ལམ་སྟོན་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།