༢༠༡༣ ཟླ་ ༡༡ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢ དང་ ༣ བཅས་ཉིན་གྲངས་གཉིས་རིང་རྡ་སའི་ཉེ་འགྲམ་དུ་ཡོད་པའི་ཀ་ནི་ཀ་གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་ཐུན་མོང་གིས་གོ་སྒྲིག་འོག་བོད་མིའི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་དགུ་པར་ཕེབས་པའི་ས་གནས་འགོ་འཛིན་རྣམ་ལ་འཛིན་སྐྱོང་གི་ནུས་པ་གོང་འཕེལ་གཏོང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་གནང་འདུག
དེ་ཡང་གོང་ཚེས་ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཚོགས་ཞུགས་རྣམས་ལ་ཟབ་སྦྱོང་གི་དགོས་དམིགས་དང་ཁེ་ཕན་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་ས་གནས་འགོ་འཛིན་རྣམ་པར་ས་གནས་སོ་སོའི་ལས་འཆར་སྒྲིག་ཕྱོགས་དང་། སྔོན་རྩིས་འབུལ་ཕྱོགས། དེ་བཞིན་འཛིན་སྐྱོང་དང་ས་གནས་འཐུས་ཚོགས་གཉིས་ཀྱིས་བཀའ་འཁྲོལ་ཞུ་ཕྱོགས་སོགས་ས་གནས་ཀྱི་ལས་དོན་གཉེར་ཕྱོགས་དང་འབྲེལ་བའི་སྐོར་ལམ་སྟོན་གནང་ཡོད་པ་མ་ཟད། བཙན་བྱོལ་གྱི་གནས་བབ་ལ་བསམ་བཞེས་ནན་པོ་གནང་བའི་ཐོག་ས་གནས་སོ་སོའི་ནང་ལས་དོན་གང་འདྲ་ཞིག་གཉེར་ཡང་རྒྱས་སྤྲོད་རིགས་མེད་པར་བསྲི་ཚགས་གནང་དགོས་གལ་དང་། ལྷག་པར་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དང་། གནས་ཡུལ་རྒྱ་གར་གྱི་ཁྲིམས་ལུགས་འགྲོ་སྟངས་སོགས་ལ་བརྩི་བཀུར་དང་ལེན་ཞུས་པའི་ཐོག་ལས་དོན་དང་རྩིས་ཁྲ་ཚང་མ་ཕྱི་གསལ་ནང་གསལ་དགོས་པའི་སྐུལ་མ་ནན་པོ་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་ཐོག་ཆེད་དུ་གདན་འདྲེན་ཞུས་པའི་རྒྱ་གར་བ་ཝི་ཤལ་ཨ་རོ་ར་ལགས་ཀྱིས་གསར་འགོད་བརྒྱུད་ལམ་ནང་དྲིལ་བསྒྲགས་དང་འབྲེལ་ལམ་གནང་ཕྱོགས་སྐོར་ལམ་སྟོན་གནང་ཡོད་པ་མ་ཟད། ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་ས་གནས་འགོ་འཛིན་རྣམས་ནས་ས་གནས་ས་ཐོག་དང། ལྷག་པར་བོད་དོན་ཐོག་ཐུགས་འཁུར་བཞེས་མཁན་རྒྱ་གར་བ་རྣམས་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་ལྷན་འབྲེལ་མཐུད་ཇི་ལྟར་གནང་ཕྱོགས། བོད་ཀྱི་གནད་དོན་དེ་ཤུགས་ཆེ་རུ་གཏོང་ཐབས་སོགས་ཀྱི་སྐོར་ལམ་སྟོན་གནང་། ལས་བྱེད་འདེམས་ལྷན་གྱི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་གིས་སྲི་ཞུ་བ་ཞིག་ནས་འགན་འཁུར་དང་ལེན་ཞུ་ཕྱོགས་སོགས་ཀྱི་སྐོར་ལམ་སྟོན་གནང་ཡོད།
དེ་བཞིན་ཉིན་གཉིས་པར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངོས་ནས་བོད་དོན་དང་འབྲེལ་བའི་གནས་བབ་ཐོག་ནུས་ཤུགས་སྤེལ་རྒྱུའི་ལས་དོན་ཐོག་ལས་འཆར་རིམ་པ་ཁག་གང་འདྲ་བྱུང་ཡོད་མེད་དང་། མ་འོངས་པར་དེ་འདྲའི་ཐོག་གང་དང་གང་གནང་དགོས་མིན་སོགས་ཀྱི་ཐོག་གོ་བསྡུར་སྦྱངས་བཤད་གནང་ཡོད་འདུག གཞནས་ཡང་དགའ་ལྡན་ཕོ་བྲང་ཡོག་ཚང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་ཐོག་གསུང་བཤད་དང་བསམ་ཚུལ་བརྗེ་ལེན་གནང་རྗེས་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་བདེ་སྲུང་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་གསུང་བཤད་གནང་འདུག་པ་བཅས།།