༢༠༡༣ ཟླ་ ༡༡ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢ ནས་ ༡༠ བར་ཨུ་རུ་སུའི་ Russia རྒྱལ་ས་མོ་སི་ཁོའི་ Moscow ནང་རྟེན་གཞི་བྱས་པའི་ཨ་ཝ་ཏར་བསྟི་གནས་ཁང་ Avatar Center དུ་བོད་བརྒྱུད་ནང་བསྟན་རིག་གཞུང་གཅེས་འཛིན་གྱི་ཉིན་མོ་སྲུང་བརྩི་ཞུས་ཡོད། སྐབས་དེར་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་བརྒྱད་ནས་མཛད་སྒོ་དབུ་འཛུགས་གནང་འདུག དེ་ཡང་ཕྱི་ཚེས་ ༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་དབུ་འབྱེད་མཛད་སྒོ་འཚོག་སྐབས་ཁུལ་དེར་རྟེན་གཞི་བྱས་པའི་སྒོ་མང་གྲྭ་ཚང་གི་ཐེབས་རྩའི་འགན་འཛིན་ལྕམ་སྐུ་ན་ཏ་ལི་ཡ་བྷེ་སི་པ་ལོ་ཝ་ Nataliya Bespalova ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་སྐུ་ཚབ་དོན་གཅོད་ངག་དབང་རབ་དགའ་ལགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་གལ་གནད་སྐོར་དང་། བོད་ཀྱི་ནང་ཆོས་དང་འབྲེལ་བའི་རིག་གཞུང་འདི་ཉིད་དེང་རབས་སྤྱི་ཚོགས་གསར་པའི་ནང་འབྲེལ་བ་ཡོད་པ་ཙམ་མ་ཟད། དུས་ཀྱི་དགོས་མཁོ་དང་འཚམ་པའི་ཞབས་འདེགས་རྒྱ་ཆེ་བསྒྲུབ་རྒྱུའི་ནུས་པ་ཡོད་པར་བརྟེན་འཛམ་གླིང་གི་གཅེས་ནོར་ཞིག་ལ་ངོས་འཛིན་བྱེད་ཆོག་པའི་སྐོར་དང་།
ལྷག་པར་ཁོང་གིས་བྷུར་ཡ་ཏི། Buryatia ཁལ་མུག Kalmykia ཐུ་ཝ་ Tuva སོགས་དེང་སྐབས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཡིན་པ་རྣམས་དུས་རབས་ ༡༧ ཙམ་ནས་བོད་དང་ཆོས་ཕྱོགས་ཀྱི་འབྲེལ་བ་ཧ་ཅང་ཆེན་པོ་བྱུང་ཡོད་སྐོར་སོགས་གསུངས། གཞན་ཡང་སྐབས་དེར་སྒོ་མང་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་སྦྱིན་པ་ལགས་ཀྱིས་སྒོ་མང་གྲྭ་ཚང་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་སྦྲགས། གྲྭ་ཚང་དང་གོང་བརྗོད་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་གསུམ་དབར་ལོ་རྒྱུས་ཐོག་དམིགས་བསལ་འབྲེལ་བ་ཡོད་པ་རྣམས་ངོ་སྤྲོད་གནང་སྐབས་ཕྱི་ལོ་ ༡༩༥༩ གོང་ཡུལ་གྲུ་དེ་གསུམ་དང་སོག་ཡུལ་བཅས་ནས་སྒོ་མང་གྲྭ་ཚང་དུ་གྲྭ་རྒྱུན་མང་པོ་ཆོས་ཞུགས་གནང་སྲོལ་ཡོད་པ་མ་ཟད། ལྷག་པར་དེ་ཁོངས་སློབ་གཉེར་བ་མང་པོ་ཞིག་བོད་བརྒྱུད་ནང་བསྟན་གྱི་མདོ་སྔགས་རིག་གནས་ཐོག་མཁས་པའི་ཡངས་རྩེར་སོན་པ་དཔེར་ན། ངག་དབང་རྡོར་རྗེའམ་ Avang Dorjiev ལྟ་བུ་བྱུང་ཡོད་པ་མ་ཟད། ཁོང་ནི་སྐུ་མདུན་སྐུ་གོང་མའི་སྐུ་ཚབ་ཐོག་ཨུ་རུ་སུའི་རྒྱལ་པོ་ཛཱར་ནི་ཀོ་ལ་སི་གཉིས་པ་ Russian Emperor Tsar Nicholas II མཆོག་དང་མཇལ་འཕྲད་གནང་མྱོང་ཡོད་སྐོར་དང་། དེང་སྐབས་ཡུལ་གྲུ་དེ་གསུམ་ནས་སྒོ་མང་གྲྭ་ཚང་དུ་གྲྭ་རྒྱུན་ཟམ་མ་ཆད་པར་ཕེབས་དང་ཕེབས་མུས་ཡིན་སྐོར་སོགས་གསུངས།
ཕྱོགས་མཚུངས་སྐབས་དེར་དམིགས་བསལ་སྐུ་མགྲོན་བོད་ཀྱི་ཐང་བྲིས་ཐོག་མཁས་དབང་སྐུ་ཞབས་ཨེ་ལེག་ཛེན་ཌར་ཀོ་ཆ་རོབ་ Alexander Kocharov ལགས་ཀྱིས་བོད་ཀྱི་ཐང་བྲིས་སྒྱུ་རྩལ་གྱི་ཁྱད་ཆོས་དང་མཛེས་ཆོས་སོགས་སྐོར་གསུངས། དེ་ཡང་ཉིན་དགུའི་རིང་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་དང་འབྲེལ་བའི་ཆོ་ག་རྡུལ་མཚོན་དཀྱིལ་འཁོར་དང་གསོ་བ་རིག་པའི་སྨན་པ་བསྟེན་གཏུགས་བྱ་རྒྱུའི་གོ་སྐབས། ནང་ཆོས་ངོ་སྤྲོད་སོགས་ནང་རྒྱུ་ཡིན་འདུག