༢༠༡༣ ཟླ་ ༡༡ ཚེས་ ༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཆོ་ལགས། དྲུང་འཕར་ཚེ་གསུམ་ལྷ་མོ་ལགས་གིས་གཙོས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འབྲེལ་ཡོད་ལས་བྱེད་རྣམས་ཚང་འཛོམས་ཐོག་བྱང་ཕྱོགས་དང་། ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་རྣམ་གཉིས་ཀྱིས་ལས་ཁུར་དམ་འབུལ་ཞུས་ཡོད།
དེ་ཡང་དམ་འབུལ་མཛད་སྒོའི་ཐོག་མར་དྲུང་འཕར་ཚེ་གསུམ་ལྷ་མོ་ལགས་ཀྱིས་མཛད་རིམ་ངོ་སྤྲོད་གནང་རྗེས་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ས་གནས་ཁྲིམས་ཞིབ་པ་རྣམ་གཉིས་བཅས་ཀྱིས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ། དེ་ནས་ཐོག་མར་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་དང་དེ་རྗེས་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གི་སྐུ་མདུན་ནས་ལས་ཁུར་དམ་འབུལ་ཞུས་རྗེས། བྱང་ཤར་ས་གནས་ཁྲིམས་ཞིབ་པ་གསར་པ་རྣམ་གཉིས་ལ་རྟེན་འབྲེལ་མཇལ་དར་ཕུལ་ནས་འཚམས་འདྲི་ཞུས་རྗེས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་ས་གནས་ཁྲིམས་ཞིབ་པ་གསར་པ་གཉིས་ཀྱི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་བ་དང་སྦྲགས། འབྱུང་འགྱུར་ལས་དོན་ཐོག་ལམ་སྟོན་གསུང་བཤད་གནང་རྗེས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་ཕུལ་ནས་དམ་འབུལ་མཛད་སྒོ་ལེགས་གྲུབ་བྱུང་ཡོད།
དེ་ཡང་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་སུ་ནུབ་བྷེང་གལ་དང་ཆ་ཏི་སི་གར། ཨོ་ཌི་ས། ཨ་རུ་ནཱ་ཅལ་པར་དེ་ཤི། མེ་གྷ་ལ་ཡཱ། ན་ག་ལེན་ཌི། འབྲས་ལྗོངས་བཅས་ཡིན་པ་དང་། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་སུ་ཨུ་ཏྟར་ཁཎྜ་དང་། ཨུཏྟར་པར་དེ་ཤི། དིལླཱི། ཅན་དི་གྷར། ཧི་མཱ་ཅལ་པར་དེ་ཤི་བཅས་ཡིན་འདུག