༢༠༡༣ ཟླ་ ༡༠ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༨ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ཐོག་རྡ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་བཀའ་བློན་རྣམ་པ་དང། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ས་གནས་འགོ་འཛིན་རྣམ་པ། ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་རྣམ་པ། དེ་བཞིན་གསར་འགོད་པ་བཅས་ཚང་འཛོམས་ཐོག་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༩ དབུ་འཛུགས་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ལམ་སྟོན་དང་འབྲེལ་བའི་གསུང་བཤད་གནང་དོན། རྣམ་པ་ཚོར་ཐོག་མར་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བཀའ་ཤག་སྐབས་བཅུ་བཞི་པས་འགན་འཁྱེར་བ་ནས་ཟུང་ད་བར་བཀའ་བློན་རྣམ་པ་ཚོས་སོ་སོའི་ལས་ཁུངས་དང་འབྲེལ་བའི་ལས་འགན་རྣམས་གང་ལེགས་གནང་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད། ཕྱོགས་མཚུངས་ནང་སྲིད་བཀའ་བློན་མཆོག་ནས་ཀྱང་འགན་ཧ་ཅང་ཡག་པོ་འཁྱེར་བཞིན་ཡོད་པ་ཚང་མས་ཤེས་གསལ་རེད། ངོས་ལ་མཚོན་ནའང་སྲིད་སྐྱོང་དམ་འབུལ་རྗེས་རྒྱ་གར་དུ་བོད་མིའི་གཞིས་ཆགས་བརྒྱ་ཆ་བརྒྱད་ཅུ་ལྷག་ཙམ་སྐོར་ཚར་བ་རེད། ལོ་གསུམ་ནང་རྩིས་པ་ཡིན་ན་ཐེངས་གཉིས་ཙམ་སྐོར་ཚར་བ་རེད། དེར་བརྟེན་རྣམ་པ་ཚོ་མང་ཆེ་བ་དང་ཐུག་ནས་ས་གནས་ཀྱི་གནས་སྟངས་ཕྲ་ལ་ཕྲན་བུ་བརྒྱུད་ལོན་ཐུབ་པ་བྱུང་། ཉིན་རེའི་ཕྱག་ལས་གནང་སྐབས་འགན་གཙོ་བོ་ས་གནས་འགོ་འཛིན་དང་འབྲེལ་ཡོད་ལས་བྱེད་ཆགས་ཡོད། དབུས་ལས་ཁུངས་ཁག་ཡིན་ན་སྔ་དྲོ་ཆུ་ཚོད་ ༩ ནས་ཕྱེད་ཡོལ་ཆུ་ཚོད་ ༦ བར་དང་རེས་གཟའ་སྤེན་པའི་གུང་གསེང་ཡིན། འོན་ཀྱང་རྣམ་པ་ཚོར་སྟབས་བདེ་པོ་དེ་འདྲ་མེད།
དེར་བརྟེན་རྣམ་པ་ཚོས་དུས་རྟག་ཏུ་ལྷག་བསམ་རྣམ་དག་ཐོག་ནས་ལས་འགན་རྣམས་སྒྲུབ་བཞིན་ཡོད་པ་ང་ཚོས་ཡི་ཆེས་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། མཚམས་རེ་རྣམ་པ་ཚོས་ལས་དོན་དང་འབྲེལ་བའི་ཕྱག་བྲིས་བཀའ་ཤག་དང་ནང་སྲིད་ལ་ཕུལ་ཡང་ཡར་ལེན་མ་གནང་བར་བརྟེན་རྣམ་པ་ཚོའི་ལས་དོན་གནང་ཕྱོགས་རྣམས་བཀའ་ཤག་གིས་མཁྱེན་གྱི་ཨེ་ཡོད་དམ་སྙམ་པའི་དོགས་པ་ཡོང་སྲིད་པ་ཞིག་རེད། དེ་འདྲའི་ཐུགས་འཁྲལ་རྩ་བ་ནས་གནང་དགོས་མེད། བཀའ་ཤག་ནས་ཚང་མ་ཤེས་པའི་ཐོག་ནས་རྒྱབ་སྐྱོར་ཡོད་ཞུ་རྒྱུ་མ་ཟད། རྣམ་པ་ཚོས་ཕྱག་ལས་གནང་བ་དེར་བཀའ་ཤག་ནས་དགའ་བསུ་དང་སྦྲགས་བསྔགས་བརྗོད་ཞུ་རྒྱུ་ཡིན། ད་དུང་ཕྱག་ལས་མུ་མཐུད་ནས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ད་ཐེངས་ཚོགས་འདུ་འདི་ཡང་ཆིག་སྒྲིལ་གསར་གཏོད། རང་ཁ་རང་གསོ་ཞེས་བཀའ་ཤག་གི་ལྟ་གྲུབ་གསུམ་གཞིར་བཞག་ཐོག་ནས་འཚོགས་རྒྱུ་ཡིན། གསར་གཏོད་རིག་པའི་ཐོག་ནས་ས་གནས་འགོ་འཛིན་ཚོགས་འདུ་ཚོགས་སྟངས་ཡིན་ནའང་རྣམ་གྲངས་འདྲ་མིན་ཡོང་བཞིན་ཡོད། ད་ཐེངས་ཚོགས་འདུའི་སྐབས་གཙོ་བོ་ས་གནས་འགོ་འཛིན་ཕན་ཚུན་དབར་ཉམས་མྱོང་བརྗེ་ལེན་གནང་སྟེ་འབྲེལ་ཡོད་དཀའ་ངལ་དེ་དག་གདོང་ལེན་གནང་རྒྱུའི་ཐབས་ལམ་གསར་པ་འཚོལ་ཐུབ་རྒྱུའི་རེ་བ་ཞུ་རྒྱུ་ཡིན། བཀའ་ཤག་གི་བྱེད་ཕྱོགས་དེ་ས་གནས་འགོ་འཛིན་ཁག་ཅིག་གིས་མཁྱེན་གསལ་ཆགས་ཡོད་ཀྱང་བལ་ཡུལ་དང་འབྲུག་གིས་གཙོས་ས་གནས་ཁག་ཅིག་ལ་ངོས་རང་བཅར་ཐུབ་ཀྱི་མེད། དེར་བརྟེན་དེའི་སྐོར་ཞུས་པ་ཡིན་ན། ལོ་གཉིས་ལྷག་རིང་གི་བཀའ་ཤག་གིས་ཤུགས་རྒྱག་སའི་ལས་དོན་གཙོ་བོ་ནི་ནུས་ཤུགས་ཕྱོགས་སྒྲིལ། ལས་འགུལ། འབྲེལ་མོལ་དེ་གསུམ་ཐོག་ཤུགས་བརྒྱབ་པ་རེད། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད།
སྲིད་སྐྱོང་མཆོག་གིས་ས་གནས་འགོ་འཛིན་རྣམ་པར་དུས་རྟག་ཏུ་མི་མང་ཁྲོད་དབུ་མའི་ལམ་གྱི་སྐོར་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་དང། དེ་བཞིན་ཉེ་ཆར་༸གོང་ས་མཆོག་གི་སྲི་ཞུ་བ་ཚོར་བཀའ་སློབ་སྩལ་བའི་སྐོར་སྙིང་བསྡུས་འབྲེལ་བརྗོད་གནང་བ་དང་འབྲེལ་དེ་སྔ་༸གོང་ས་མཆོག་གི་སྩལ་བའི་བཀའ་སློབ་ལུང་འདྲེན་གནང་ཐོག་ཤེས་ཡོན་གལ་ཆེ་ཡིན་སྐོར་གསུང་བཤད་གནང། ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་དོལ་རྒྱལ་དང་འབྲེལ་བའི་ཐོག་གསུང་བཤད་གནང་དོན།
གཞི་རྩའི་དེ་སྔ་དང་བསྡུར་བ་ཡིན་ན་ད་ལྟ་རྒྱ་གར་ནང་དོལ་རྒྱལ་རྗེས་འབྲང་པ་ཚོས་ལས་ཀ་བྱེད་སྟངས་དེ་སྔོན་མ་བཞིན་དངོས་གསལ་དོད་པོ་མེད། འོན་ཀྱང་ཁོང་ཚོས་ཕུགས་རྒྱང་རིང་པོའི་འཆར་གཞི་གདིང་བཞིན་ཡོད་པར་ང་ཚོས་ངོས་འཛིན་བྱེད་དགོས། གང་ཡིན་ཞེ་ན་ཉེ་ཆར་༸གོང་ས་མཆོག་ཨ་རིར་ཆིབས་སྒྱུར་སྐྱང་སྐབས་ས་གནས་ཁག་གཉིས་ཙམ་ལ་བོད་པ་ཉུང་ཤས་ཤིག་གིས་ངོ་རྒོལ་བྱས་ཡོད། དེ་ནི་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པའི་ཐོག་ནས་ཁོས་ཚོས་ལས་ཀ་བྱེད་ཀྱི་ཡོད་པ་གསལ་པོ་ཆགས་ཡོད། དེར་བརྟེན་ང་ཚོས་ལྷོད་ཡང་བཏང་ན་འགྲིག་གི་མེད་པ་གསལ་པོ་རེད། རྣམ་པ་ཚོས་དུས་རྟག་ཏུ་ས་གནས་ས་ཐོག་ཏུ་གནས་ཚུལ་ག་རེ་ཡོང་གི་ཡོད་མེད་མཁྱེན་དགོས་རྒྱུ་དང། འབྲེལ་ཡོད་ལས་ཁུངས་སུ་ལན་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་ནི་༸གོང་ས་མཆོག་གི་སྐུ་ཕྱྭ་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད། བོད་ནང་དུའང་རྒྱ་ནག་གཞུང་གི་མཐུན་འགྱུར་འོག་ཁོང་ཚོའི་འཆར་གཞི་དེ་དག་རྒྱས་རུ་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།
དེ་བཞིན་ཕྱི་རྒྱལ་ཁག་གི་ནང་དུའང་འབད་བརྩོན་བྱེད་མུས་ཡིན། གཞི་རྩའི་ཁོང་ཚོའི་ལས་ཀ་དེ་དག་ལ་ཁུངས་གང་ཡང་མེད་པར་བརྟེན་རྒྱབ་སྐྱོར་ཡོང་རྒྱུའི་གཞི་མེད་ནའང་ཁོང་ཚོས་ཨུ་ཚུགས་བརྒྱབ་དང་རྒྱོབ་བཞིན་ཡོད། དེར་བརྟེན་ས་གནས་ས་ཐོག་ཏུ་དོ་སྣང་གནང་རྒྱུ་གལ་ཆེན་པོ་ཡིན་པའི་ཐོག གནས་ཚུལ་གང་འདྲ་ཞིག་བྱུང་ཡང་འབྲེལ་ཡོད་ལས་ཁུངས་ལ་གནས་ཚུལ་འདི་འདྲ་འདུག་ཅེས་ལན་སྤྲོད་རྒྱུ་དེ་ས་གནས་འགོ་འཛིན་གྱི་འགན་དམིགས་བསལ་ཞིག་ཆགས་ཡོད། དེ་མཁྱེན་པ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གནད་དོན་དེ་དག་༸གོང་ས་མཆོག་གི་སྐུ་ཕྱྭ་དང་བོད་པའི་སྤྱི་ཚོགས་ནང་བདེ་འཇགས་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། དོལ་རྒྱལ་གྱི་རྩོད་གཞི་དེ་གནད་དོན་གལ་ཆེན་པོ་ཞིག་ལ་རྩིས་རོགས་གནང་། གནད་དོན་འདིའི་ཐོག་ང་ཚོས་དུས་རྟག་ཏུ་དོ་སྣང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད་པ་བཅས།།