༢༠༡༣ ཟླ་ ༡༠ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ནས་ཚེས་ ༢༥ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་དང་། ཝ་ཤིང་ཊོན། སན་ཕ་རན་སི་ཀོ་བཅས་དང་དེ་བཞིན་ཨི་ཊ་ལིའི་མངའ་ཁོངས་ཊེ་རན་ཊོ་ (Trento) དང་ལྷོ་ཊི་རོལ་རང་སྐྱོང་ལྗོངས། South Tyrolདེ་བཞིན་རྒྱ་གར་གྱི་རྒྱལ་ས་དིལླཱི་དང་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལཱ་བཅས་ས་གནས་ཁག་ཅིག་ཏུ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་ཐོག་མར་སྲིད་སྐྱོང་མཆོག་དིལླཱི་ཁུལ་དུ་གཞུང་འབྲེལ་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་དང་། དེ་རྗེས་ཕྱི་ཟླ་ ༡༡ ཚེས་ ༡༡ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་གཞུང་འབྲེལ་ཚོགས་འདུར་མཉམ་ཞུགས་གནང་རྒྱུ། དེ་ནས་ཕྱི་ཚེས་ ༡༢ དང་ ༡༣ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྗེས། ཕྱི་ཚེས་ ༡༤ དང་ ༡༥ ཉིན་གྲོང་ཁྱེར་སན་ཕ་རན་སི་ཀོར་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་ཞིག་གི་ཆེད་འབྲེལ་ཡོད་མི་སྣ་ཁག་དང་མཇལ་མོལ་གནང་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་ནིའུ་ཡོཀ་བོད་རིགས་མི་མང་རྣམས་ལ་གསུང་བཤད་གནང་རྒྱུ་ཡིན་འདུག
དེ་བཞིན་ཕྱི་ཚེས་ ༡༧ ཉིན་ཁུལ་དེ་ནས་ཨི་ཊ་ལིའི་གྲོང་ཁྱེར་མི་ལན་དུ་ཕེབས་འབྱོར་གྱིས། ཕྱི་ཚེས་ ༡༨ ཉིན་ཨི་ཊ་ལིའི་མངའ་ཁོངས་ཊེ་རེན་ཊོ་དང་ལྷོ་ཊི་རོལ་རང་སྐྱོང་ལྗོངས་སུ་ཕེབས་ནས་ལས་དོན་ནང་མཉམ་ཞུགས་གནང་རྗེས། ཁུལ་དེ་ནས་ཕྱི་ཚེས་ ༡༩ ཉིན་འཇར་མན་གྲོང་ཁྱེར་མུ་ནིཀ་བརྒྱུད་ནས་རྒྱ་གར་རྒྱལ་ས་དིལླཱིར་གནད་ཡོད་མི་སྣ་ཁག་ཅིག་དང་ལྷན་མཇལ་འཕྲད་རྗེས་ཕྱི་ཚེས་ ༢༢ ཉིན་ཅན་དི་གྷར་བརྒྱུད་སིམ་ལཱར་ཕེབས་ཐོན་གྱིས། ཕྱི་ཚེས་ ༢༣།༢༤ ཉིན་གཉིས་རིང་ཁུལ་དེར་ཧི་མཱ་ལ་ཡིའི་དུས་སྟོན་མཛད་སྒོར་མཉམ་ཞུགས་གནང་རྗེས་ཕྱི་ཚེས་ ༢༥ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།