༢༠༡༣ ཟླ་ ༡༠ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༨ རེས་གཟའ་ཟླ་བའི་ཉིན་བཏང་གནས་ནང་འཁོད་དོན། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་གི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་དྲུག་འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཕྱི་ཚེས་ ༢༦ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཚོགས་ཡོད། སྐབས་དེར་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད།
དེ་ཡང་མཛད་སྒོ་གོ་སྒྲིག་གནང་མཁན་ནི་ནིའུ་ཡོཀ་དང་། ནིའུ་འཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡིན་པ་དང་། སྤྱིར་༸གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་འབུལ་ལམ་ཞུས་པའི་ཉིན་མོ་དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་འཁེལ་གྱི་ཡོད་ཀྱང་། སྐབས་དེར་༸གོང་ས་མཆོག་གིས་ནིའུ་ཡོཀ་གྲོང་ཁྱེར་ནང་༸ཞབས་སོར་འཁོད་ནས་ཉིན་གྲངས་གསུམ་རིང་ཆོས་འབྲེལ་དང་། མང་ཚོགས་ལ་བཀའ་སློབ་སྩལ་རྒྱུའི་མཛད་རིམ་ཡོད་པར་བརྟེན། གཟེངས་རྟགས་འབུལ་བཞེས་ཀྱི་རྟེན་འབྲེལ་མཛད་སྒོ་དེ་ཕྱི་ཚེས་ ༢༦ བར་ཕྱིར་འགྱངས་གནང་དགོས་བྱུང་ཡོད།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཨ་རི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད། དེ་བཞིན་སྐུ་མགྲོན་གྱི་གྲས་སུ་ད་དུང་དངས་ཞབས་དམག་སྒར་གྱི་མདའ་ཟུར་དབྲ་ཕྲུག་ངག་དབང་ལགས་བཅས་ཁྱོན་སེར་སྐྱ་མང་ཚོགས་ ༢༠༠ ལྷག་ཙམ་མཛད་སྒོར་མཉམ་ཞུགས་གནང་ཡོད།
སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རང་ཅག་གངས་ཅན་པ་རྣམས་ལ་ཆོས་དང་འཇིག་རྟེན་གང་ཐད་ནས། མ་ཡིས་བུ་ལ་བྱམས་བརྩེས་བསྐྱངས་པ་ལྟར་ཐུགས་བརྩེ་ཆེན་པོས་རང་ཅག་བོད་འབངས་རྣམས་ལ་བཀའ་དྲིན་བསྐྱངས་པ་དེ་ང་ཚོས་དུས་ནམ་ཡང་བརྗེད་ཐབས་བྲལ། དེར་བརྟེན་དེ་རིང་མགོན་པོ་གང་ཉིད་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་པའི་ཉིན་མོ་དྲན་གསོ་ཞུ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་ཀྱང་། གཞི་རྩའི་༸གོང་ས་མཆོག་གིས་དུས་ནས་དུས་སུ་སྩལ་བའི་བླང་དོར་གྱི་བཀའ་སློབ་རྣམས་རང་ཅག་བོད་མི་རྣམས་ཀྱིས་སྙིང་བཅངས་ཞུ་རྒྱུ་ནི་བཀའ་དྲིན་རྗེས་དྲན་ངོ་མ་དེ་ཆགས་རྒྱུ་ཡིན།
བོད་པའི་བྱུང་རབས་ལོ་རྒྱུས་ནང་གི་དུས་ཚོད་ཧ་ཅང་གཉན་འཕྲང་ཆེ་བའི་སྐབས་འདིར་བོད་མི་ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་གི་སྲིད་བྱུས་དང་ལས་དོན་རྣམས་ལ་ནུས་པ་གཅིག་ཏུ་སྤུངས་ནས་རྒྱབ་སྐྱོར་བྱ་རྒྱུའི་དུས་ལ་སླེབས་ཡོད་པ་ལས། མང་གཙོ་ཁ་ལ་འཁྱེར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་གཞི་མེད་ཀྱི་སྐྱོན་འདོགས་བྱ་རྒྱུའི་དུས་ཚོད་ཅིག་མིན་པ་ནི་བོད་མི་ཚང་མས་མ་བརྗེད་པར་སེམས་ལ་འཆང་དགོས།
ཕྱི་ལོ་ ༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་འཕྲལ་ཡུན་ཕན་བདེར་གཅིག་ཏུ་དགོངས་ཏེ། ༸རྒྱལ་མཆོག་ལྔ་པ་ཆེན་པོ་ནས་རིམ་པར་བརྒྱུད་པའི་ཆབ་སྲིད་ཀྱི་མཛད་འགན་ཡོངས་རྫོགས་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་འགོ་ཁྲིད་ལ་སྐུ་དབང་རྩིས་སྤྲོད་མཛད་པ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་དོན་ཐག་གཅོད་མ་བྱུང་བར་སྐུ་ཚེ་འདེང་ངེས་ཤིག་ཡོང་རྒྱུའི་སྐལ་བཟང་གི་༸ཞལ་བཞེས་བཟང་པོ་བཀའ་སྩལ་མཛད་ཡོད་པ་ནི། བོད་གཞིས་བྱེས་མང་ཚོགས་རྣམས་དགའ་སྤོབས་ཆེན་པོ་བྱེད་འོས་པ་ཞིག་ཡིན། ཞེས་གསུངས་པ་དང་སྦྲགས། ཉེ་ཆར་༸གོང་ས་༸སྐྱབས་མགོན་པོ་མཆོག་གིས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམས་ལ་སྩལ་བའི་བླང་དོར་གྱི་བཀའ་སློབ་རྣམས་སེམས་ལ་བཞག་ནས་ལག་ལེན་དུ་འགེལ་ཐུབ་པ་བྱེད་རྒྱུ་གལ་ཆེ་ཡིན་པ་ནན་བརྗོད་གནང་ཡོད།
ཕྱོགས་མཚུངས་ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་ལྡན་ལགས་དང་། སྐུ་མགྲོན་གྱི་གྲས་དབྲ་ཕྲུག་ངག་དབང་ལགས་ནས་ཀྱང་མཛད་སྒོར་གསུང་བཤད་གནང་ཡོད། ངག་དབང་དཔལ་ལྡན་ལགས་ཀྱིས་ས་གནས་གཞོན་ནུའི་ངོས་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དང་། གང་ཉིད་མཆོག་གི་དགོངས་པ་མ་འཁྲུག་པའི་སྒོ་ནས་ཕྱག་ལས་གནང་རྒྱུ་ཡིན་པའི་དམ་བཅའ་བཞག་ཡོད་པ་དང་། དགུང་གྲངས་༨༨ ལ་ཕེབས་པའི་དབྲ་ཕྲུག་ངག་དབང་ལགས་ནས་གཞོན་སྐྱེས་མི་རབས་ཚོས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དྲན་ཤེས་པའི་སྒོ་ནས་ཕྱག་ལས་ཟབ་ཟབ་གནང་དགོས་པའི་འབོད་སྐུལ་གནང་ཡོད།
དེ་རྗེས་བོད་ཀྱི་ཡུལ་ལུང་འདྲ་མིན་གྱི་གཞས་སྣ་དང་། དེང་དུས་ཀྱི་རོལ་དབྱངས་འཁྲབ་སྟོན་ཞུས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྙན་གྲགས་ཅན་གྱི་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་དྲུག་འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ཕྱེད་ཡོལ་ཆུ་ཚོད་གསུམ་པའི་བར་སྲུང་བརྩི་ཞུས་ཡོད་པ་བཅས།།