༢༠༡༣ ཟླ་ ༡༠ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༥ ཉིན་མེག་གྷན་དུ་ཡོད་པའི་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་དྲ་རྒྱའི་ལམ་ནས་བོད་པའི་ལག་ཤེས་བཟོ་རིག་རྒྱ་གར་དངུལ་ནང་འཛམ་གླིང་ཡོངས་ལ་ཚོང་འགྲེམས་བྱ་རྒྱུའི་དྲ་ཚིགས་ www.TIBETeSHOP.com དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཡོལ་ཙམ་ལ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འཛིན་སྐྱོང་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་སྐབས་བོད་མི་སྤྱི་མཐུན་མཉམ་འབྲེལ་དེ་བཞིན་ཐོག་མར་ཕྱི་ལོ་ ༢༠༠༥ ལོར་བཀའ་ཤག་དང་ནང་སྲིད་ལས་ཁུངས་གཉིས་ཀྱི་མཐུན་འགྱུར་འོག་མཉམ་འབྲེལ་ཁག་ལ་རོགས་སྐྱོབ་དང་ལྟ་རྟོག་ཆེད་གསར་དུ་དེབ་སྐྱེལ་བྱས་པའི་ཚོགས་པ་ཞིག་ཆགས་ཡོད་པ་དང་།
དེ་ནས་ཕྱི་ལོ་ ༢༠༠༦ ལོ་མཇུག་ཙམ་ནས་དེ་སྔ་དཔལ་འབྱོར་ལས་ཁུངས་ཀྱིས་འཛིན་སྐྱོང་གནང་བ་རྡ་ས་དང་སྒང་ཏོག་གཉིས་ནང་བོད་ཀྱི་གསོལ་མགྲོན་ཁང་དང་། དེ་བཞིན་ནང་སྲིད་ལས་ཁུངས་ཀྱིས་འཛིན་སྐྱོང་གནང་བཞིན་པ་ལྡི་ལིར་རྟེན་གཞི་བྱས་པའི་ཊི་ཨར་ཨེ་སི་ (TRSH) ཞེས་པའི་ཕྱིར་ཚོང་སྡེ་ཚན་བཅས་དེ་གསུམ་འཛིན་སྐྱོང་ནང་བཞུགས་ཀྱི་ཐོག་ནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་ཉོས་ནས་ཚོང་གི་ལས་གཞི་ཐོག་མར་དེ་ནས་འགོ་བཙུགས་པ་རེད། དེའི་ཐོག་ནས་དེང་སྐབས་བཙན་བྱོལ་བོད་མིའི་གཞིས་ཆགས་བཅོ་ལྔའི་ནང་མཉམ་འབྲེལ་བཅོ་ལྔས་ཡར་རྒྱས་དང་འབྲེལ་བའི་ལས་གཞི་རྩོམ་བཞིན་ཡོད། དེ་རྗེས་ཕྱི་ལོ་ ༢༠༡༡་ལོར་བྷེང་ལོར་དུ་ཏི་བྷ་ཏི་མོལ་ (Tibet Mall) ཞེས་བོད་ཀྱི་ཁྲོམ་རྭ་ཞིག་གསར་འཛུགས་ཐོག་དེའི་ནང་ད་སྐབས་ཚོང་ཁང་ ༣༠ ཙམ་ཡོད། ཁྲོམ་རྭ་དེའི་ཁང་ཐོག་ཏུ་བོད་ཀྱི་གསོལ་མགྲོན་ཁང་ཡན་ལག་གསུམ་པ་བཙུགས་ཡོད། དེ་བཞིན་བྷེལ་ཀོབ་ཏུ་ཨ་ཤོམ་ཉོ་ཚོང་གི་ལས་གཞི་ཞིག་ཡོད། དེ་བཞིན་ཕྱིས་སུ་བྷེང་ལོར་དུ་བོད་མིའི་སྡོད་ཁང་བདེ་སྐྱིད་ཁང་གསར་ཞེས་པ་ཁང་མིག་དྲུག་ཅུ་རེ་ལྔ་ཡོད་པ་གཅིག་འདི་ལོའི་ཕྱི་ཟླ་ ༡༠།༡༡ ནང་དེབ་བསྐྱལ་བྱ་རྒྱུའི་ལས་གཞི་འགྲོ་མུས་ཡིན། དེ་རིང་འདིར་དེང་དུས་ཀྱི་འགྲོ་སྟངས་དང་མཐུན་པའི་ཐོག་ནས་དྲ་རྒྱའི་ལམ་ནས་ཅ་ལག་ཉོ་ཚོང་བྱ་རྒྱུའི་ལས་གཞི་ཞིག་དབུ་འབྱེད་གནང་རྒྱུ་རེད། ལས་གཞི་འདི་རྒྱ་གར་ནང་སྔ་མ་དྲགས་པ་དང་ཕྱི་མ་དྲགས་པ་ཞིག་ཆགས་ཡོད། གང་ཡིན་བརྗོད་ན་ལོ་གཉིས་གསུམ་གོང་དུ་རྒྱ་གར་ནང་ལས་གཞི་འདི་བརྩམས་ཐུབ་ཐབས་མེད། གང་ཡིན་བརྗོད་ན་སྐབས་དེར་ཨིན་ཊར་ནེ་ཊི་བྷེང་ཀིང་ (Internet Banking ) ངམ་དྲ་རྒྱའི་ལམ་ནས་དངུལ་ཁང་། ཞེས་པ་དེ་དེ་ཙམ་དར་སོ་མེད་པ་མ་ཟད། ཅ་ལག་དབོར་འདྲེན་བྱ་རྒྱུ་ཀོ་རི་ཡར་ (Courier) ལ་སོགས་པ་རྣམས་དེ་ཙམ་བརྟན་པོ་མེད་པ་ཆགས་ཡོད། ཨ་རི་ལྟ་བུར་མཚོན་ན་དྲ་ཐོག་ཚོང་འགྲེམ་ལམ་ལུགས་དར་ནས་ལོ་བཅུ་ཙམ་འགྲོ་བཞིན་ཡོད། ཅེས་སོགས་ཀྱི་ངོ་སྤྲོད་གནང་།
དེ་རྗེས་དམིགས་བསལ་སྐུ་མགྲོན་བྷེང་ལོར་དུ་རྟེན་གཞི་བྱས་པའི་གྷོ་ཀུབ་ (GOCOOP) བ་ཅེས་མཉམ་འབྲེལ་རོགས་སྐྱོབ་སྡེ་ཚན་དང་། ལྷག་པར་དུ་མཉམ་འབྲེལ་ཚོ་ལ་ཁྲོམ་རྭ་འཚོལ་ཐབས་གནང་མཁན་གྱི་ཚོགས་པའི་འགན་འཛིན་སྐུ་ཞབས་ཤི་ཝ་རེ་ཌི་ (Siva Reddy) ལགས་ཀྱིས་གསུང་བཤད་གནང་། དེ་རྗེས་ནང་སྲིད་བཀའ་བློན་མཆོག་གིས་གསུང་བཤད་གནང་རྗེས་དྲ་རྒྱ་དབུ་འབྱེད་གནང་།།