༢༠༡༣ ཟླ་ ༡༠ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་པོ་ལེན་ཌིའི་གྲོས་ཚོགས་འཐུས་མི་Polish Members of Parliament ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་དང་མཇལ་འཕྲད་མཛད་ཡོད། དེ་ཡང་ཐོག་མར་༸གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་ནས་ཝར་སོ་གཙུག་ལག་སློབ་གྲྭར་ University of Warsaw ཆིབས་སྒྱུར་བསྐྱངས། སྐབས་དེར་གཙུག་ལག་སློབ་གྲྭའི་རེག་ཊར་མཆོག་གིས་༸གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་༸གོང་ས་མཆོག་གིས་པོ་ལེན་ཌིའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་མཛད་ཡོད། སྐབས་དེར་གྲོས་ཚོགས་འཐུས་མི་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་སེམས་ཐག་ཉེ་པོ་དང་གུས་བརྩི་ཆེན་པོའི་ཐོག་ནས་༸གོང་ས་མཆོག་གི་བཀའ་སློབ་གསན་འཇོག་གནང་ཡོད། གྲོས་ཚོགས་འཐུས་མི་འདུ་འཛོམས་སྐབས་༸གོང་ས་མཆོག་གིས་གྲོགས་པོ་རྙིང་པ་སྐུ་ཞབས་ཧེན་རིག་ཝུ་ཇེག་ Heinrich Wujec མཆོག་གཟིགས་སྐབས་ནང་ཚག་མཛད་དེ་དགའ་བསུའི་འཚམས་འདྲི་དང་མཇལ་མོལ་མཛད། དེ་རྗེས་ལྕམ་སྐུ་བྷི་ཡེ་ཊ་བྷ་བྷལ་ཝི་ཆི་Hon. Beata Bublewicz མཆོག་གིས་༸གོང་ས་མཆོག་ལ་གྲོས་ཚོགས་འཐུས་མི་རྣམས་ངོ་སྤྲོད་ཞུས་གྲུབ་བསྟུན། ༸གོང་ས་མཆོག་གིས་བཀའ་སློབ་སྩོལ་སྐབས་ཞལ་ཤོབ་དང་སྦྲགས་པོ་ལེན་ཌི་མི་མང་རྣམས་ཀྱང་བོད་པ་ཚོ་དང་འདྲ་བར་དམར་ཤོག་ཚོགས་པའི་གཅིག་བསྡུས་དབང་འཛིན་གྱི་ལམ་ལུགས་འོག་སྐྱོན་དང་དཀའ་ངལ་ཇི་ལྟར་ཡོད་པ་གསལ་པོ་ཤེས་ཀྱི་ཡོད་དང་། མགོན་པོ་གང་ཉིད་མཆོག་གིས་དུས་རྒྱུན་བོད་ནང་གི་གནས་སྟངས་འགྲེལ་བརྗོད་མཛད་སྐབས་བོད་ནང་དུ་མགྲོན་འབོད་མ་བྱས་པའི་མགྲོན་པོ་གསར་པ་ཞིག་མེ་མདའ་ཁྱེར་ནས་བོད་ས་ཡོངས་རྫོགས་ལ་དབང་བསྒྱུར་བྱས་ཡོད་ཀྱང་། མེ་མདའ་དང་བདེན་པའི་སྟོབས་ཤུགས་གཉིས་ནས་མཐར་བདེན་པར་རྒྱལ་ཁ་འཐོབ་རྒྱུ་ཡིན་པར་བརྟེན་བོད་མི་ཚོས་སེམས་ཤུགས་དང་ཆོད་སེམས་སྔར་བའི་སྲ་བརྟན་ཐོག་གནས་བཞིན་ཡོད་པ་དང་།
དུས་རབས་ ༧། ༨། ༩ སྐབས་བོད་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། དབུས་ཨེ་ཤི་ཡའི་ནང་སྟོབས་ཤུགས་དང་མངའ་ཐང་ཧ་ཅང་རྒྱས་པོ་ཡོད་པའི་རྒྱལ་ཁབ་གཅིག་བྱུང་ཡོད་ཀྱང་། འདས་པ་དེ་འདས་ཟིན་པར་བརྟེན་ད་སྐབས་བོད་མི་ཚོས་རྒྱ་ནག་དབང་བསྒྱུར་འོག་རང་བཙན་མ་རྩོད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ལྟར་ལྗོངས་དང་ཁུལ། དེ་བཞིན་རྫོང་སོགས་ལ་རང་སྐྱོང་གི་གནས་བབ་སྤྲད་ཡོད་པ་ལྟར་བོད་མི་ཚོ་ལའང་ཐོབ་ཐང་དེ་དག་གཅིག་མཚུངས་སུ་སྤྲོད་དགོས། ཐོབ་ཐང་དེ་འདྲ་ཞིག་བོད་མིར་སྤྲད་ཚེ་བོད་མི་ཚོས་རང་གི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་བྱེེད་ཐུབ་རྒྱུ་མ་ཟད། ཧ་ཅང་འཇིག་སླ་བའི་མཐོ་སྒང་བོད་ཀྱི་རང་བྱུང་ཁོར་ཡུག་ཀྱང་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཡིན།
རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཅིག་ཡིན་ནའང་སྤྱི་ཚོགས་ནང་གུ་ཡངས་དགོས། གུ་ཡངས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྤྱི་ཚོགས་གུ་ཡངས་མེད་ཚེ་གྱོང་གུན་དང་གུ་ཡངས་ཀྱི་སྤྱི་ཚོགས་ལ་ཁེ་ཕན་ཇི་ཡོད་བཅས་ཀྱི་ཉམས་མྱོང་གྲོས་ཚོགས་འཐུས་མི་ཚོར་ཡོད་སྟབས་གནད་དོན་དེའི་ཐོག་རང་གི་ཉམས་མྱོང་དང་འབྲེལ་ནས་ནུས་པ་འདོན་ཐུབ་རྒྱུ་ཡིན། རྒྱ་ནག་མི་འབོར་དུང་ཕྱུར་ ༡༣ ཡོད་པ་རྣམས་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད་པ་ཙམ་མ་ཟད། གནས་ཚུལ་དེ་དག་ཐོག་ལེགས་ཉེས་ཀྱི་བླང་དོར་འབྱེད་རྒྱུའི་རྣམ་སྤྱོད་ཀྱང་ལྡན་ཡོད། ད་ལྟའི་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་བཟང་སྤྱོད་ཐོག་ནས་མི་འོས་པ་ཞིག་ཡིན་པ་མ་ཟད། རང་གིས་རང་ལ་ཕམ་ཁ་སྤྲད་པའི་གནས་སྟངས་དང་། རང་གི་མི་མང་རང་གིས་མགོ་སྐོར་བཏང་བ་ཞིག་ཆགས་ཡོད། རྒྱ་ནག་ནང་གསར་འགྱུར་དང་ཁྲིམས་རྩོད་པའི་ཁྲིམས་ལག་བསྟར་བྱ་རྒྱུའི་རང་དབང་གི་གནས་ཚད་དེ་དག་རྒྱལ་སྤྱིའི་གནས་ཚད་དང་འདྲ་མཉམ་བཟོ་ཐུབ་པ་བྱ་རྒྱུ་ནི་རྒྱ་ནག་རྒྱལ་ཁབ་རང་གི་ཁེ་ཕན་ཆེད་ཧ་ཅང་གལ་ཆེན་པོ་ཡིན། གཅིག་བྱས་ན་པོ་ལེན་ཌི་ཡུལ་འདི་མང་གཙོའི་རྒྱལ་ཁབ་གསར་པ་ཞིག་ཡིན་པར་བརྟེན་རང་གི་ཉམས་མྱོང་ཐོག་ནས་གནད་དོན་དེ་དག་སྐོར་རྒྱ་ནག་ལ་གོ་བརྡ་སྤྲོད་ཐུབ་རྒྱུ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།།