༢༠༡༣ ཟླ་ ༡༠ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་ཅོན་ཏ་ར་གཞིས་ལས་ཁང་གི་མཐུན་འགྱུར་འོག་ཅོན་ཏ་ར་བོད་མིའི་གཞིས་ལས་ཁང་འབིར་དང་ཅོན་ཏ་རས་གཙོས་ལས་བྱེད་ཁག་གཅིག་ལ་པར་རྒྱག་སྟངས་དང་། བཀོད་སྒྲིག དེ་བཞིན་པར་རིགས་གནས་ཚུལ་འགོད་སྟངས་དང་མཁོ་སྒྲུབ་བྱེད་སྟངས་སོགས་ཀྱི་ཐོག་ཟབ་སྦྱོང་གོ་སྒྲིག་ཞུས་འདུག
དེ་ཡང་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཟབ་སྦྱོང་དབུ་འཛུགས་སྐབས་གློག་ཀླད་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་བ་དང་ལྷན། གསར་འགྱུར་ནང་པར་རིགས་རན་པོ་ཞིག་བཀོལ་སྤྱོད་ཇི་ལྟར་བྱེད་དགོས་མིན་དང་དེས་གསར་འགྱུར་ལ་ཕན་གནོད་ཇི་ལྟར་འབྲེལ་ཚུལ། དེ་བཞིན་འདྲ་པར་ཚད་ལྡན་ཇི་ལྟར་རྒྱག་སྟངས། དྲྭ་བརྙན་གསར་འགྱུར་དང་ཚགས་ཤོག་ཐོག་འདྲ་པར་བཟོ་དབྱིབས་ཇི་འདྲ་ཞིག་བེད་སྤྱོད་བྱེད་ཕྱོགས། གསར་འགྱུར་ཆེད་འདྲ་པར་ཕྱོགས་སྒྲིག་བྱེད་ཕྱོགས་སྐོར་སོགས་ཀྱི་བརྗོད་གཞིའི་ཐོག་ཀྱང་ངོ་སྤྲོད་གནང་འདུག
སྐབས་དེར་ཟབ་སྦྱོང་ནང་འབིར་ཁུལ་དུ་ཡོད་པའི་གཞིས་ལས་ཁང་གསུམ་གྱི་ལས་བྱེད་པ། ཁུལ་དེའི་དགོན་སྡེ་ཁག་གི་དགེ་འདུན་པ། སུ་ཇ་དང་ཅོན་ཏ་ར་བོད་ཁྱིམ། སམ་བྷོ་ཊ་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཁག་གཅིག་བཅས་ཁྱོན་མི་གྲངས་ ༤༠ ཙམ་གྱིས་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་ཡོད།
ཕྱོགས་མཚུངས་བཀྲ་ཤིས་ཕུན་ཚོགས་ལགས་དང་འགྲེམས་སྟོན་ལས་བྱེད་པ་གཉིས་ཀྱིས་འབིར་ཁུལ་བོད་མིའི་གཞིས་ཆགས་ཁག་གསུམ་གྱི་ནང་ཕྱི་ཚེས་ ༡༤ ནས་ ༡༨ བར་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འདྲ་པར་མཁོ་སྒྲུབ་ལས་གཞིའི་ ‘Family Album Collection Project’ ཆ་ཤས་སུ་འདྲ་པར་རྙིང་པ་མཁོ་སྒྲུབ་གནང་འདུག ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི་འབིར་ཁུལ་གྱི་བོད་མིའི་གཞིས་ཆགས་གསུམ་ནས་འདྲ་པར་རྙིང་པ་ཁག་མཁོ་སྒྲུབ་ཆེད་ཡིན་འདུག་པ་བཅས།།