༢༠༡༣ ཟླ་ ༡༠ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། བོད་ཤར་ཕྱོགས་ཁམས་ནགས་ཤོད་འབྲི་རུ་རྫོང་བོམ་ཕན་ཤང་ངམ་གཤམ་ཆུ་ཤང་ཁོངས་ནས་སླར་ཡང་མི་བཞི་རྒྱ་ནག་གཞུང་གིས་འཇིན་བཟུང་བཙན་འཁྲིད་བྱས་འདུག དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་ཁམས་ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཤང་ཡར་ལྡིང་གྲོང་ནས་རང་ལོ་ ༡༩ ཡིན་པའི་ཟླ་བ་ལྷུན་གྲུབ་ལགས་དང་། རང་ལོ་ ༢༠ ཡིན་པའི་བཙུན་མ་བྱམས་པ་ལགས་གཉིས་ཡར་ལྡིང་གྲོང་ནས་རྫོང་ཉེན་རྟོག་པས་འཇིན་བཟུང་བཙན་འཁྲིད་བྱས་ཡོད་འདུག ཁོང་གཉིས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི་ཁ་པར་དང་བརྒྱུད་ལམ་ཁག་ནས་གསང་བ་ཕྱིར་བསྐུར་བྱས་པའི་ཉེས་པ་བཙུགས་ཡོད་འདུག
དེ་བཞིན་ཕྱི་ཟླ་ ༡༠ ཚེས ༡༧ ཉིན་རང་ལོ་ ༢༠ ཡིན་པའི་ཤུགས་ལྡིང་དགོན་པའི་དགེ་འདུན་པ་བྱམས་པ་ལེགས་བཤད་ལགས་དང་། རང་ལོ ༢༥ ལ་སོན་པའི་སྐལ་རྣམ་ལགས་གཉིས་ལྷ་ས་ནས་རྒྱ་གཞུང་ཉེན་རྟོག་པས་འཇིན་བཟུང་བཙན་འཁྲིད་བྱས་ཡོད་འདུག དགེ་འདུན་པ་འདི་གཉིས་ལ་ཉེ་ཆར་ཁམས་ནགས་ཤོད་འབྲི་རུའི་ཁུལ་གྱི་དོན་རྐྱེན་རབས་དང་རིམ་པ་བྱུང་བའི་གནས་ཚུལ་རྣམས་ཕྱི་ཕྱོགས་སུ་བཏང་བའི་ཉེས་པ་བཙུགས་ཡོད་འདུག
ཕྱི་ཚེས ༡༥ ཉིན་ཡར་ལྡིང་གྲོང་ནས་ཟླ་བ་ལྷུན་གྲུབ་ལགས་དང་བཙུན་མ་བྱམས་པ་ལགས་གཉིས་རྫོང་ས་གནས་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་རྗེས། ཡར་ལྡིང་གྲོང་གྲོང་དཔོན་ཨ་ཅུང་དང་ཨ་བུ་ནམ་མཁའ་གཉིས་གཙོས་པའི་གྲོང་མི་མི་ཉུང་བ་ཞིག་རྫོང་ཉེན་རྟོག་ལས་ཁུངས་སུ་ཕྱིན་ནས། ཁོང་གཉིས་ལ་ཉེས་པ་ཅི་གང་མེད་པས་ངེས་པར་གློད་བཀྲོལ་གཏོང་དགོས་པའི་རེ་འབོད་ནན་མོ་ཞུས་མོད་དོན་ཕན་ཅི་གང་མ་བྱུང་བར་རང་གནས་སུ་ལོག་དགོས་བྱུང་བ་མ་ཟད། ད་ལྟའི་བར་ཁོང་ཚོའི་ནང་མི་དང་ཉེ་འབྲེལ་སུ་ཞིག་ཀྱང་ཐུག་འཕྲད་དུ་གཏོང་གི་མེད་པ་རེད་འདུག