༢༠༡༣ ཟླ་ ༡༠ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །ཉེ་ཆར་རྒྱ་གར་ཨོ་ཌི་ས་མངའ་སྡེའི་ནང་ཕེ་ལིན་དྲག་ཆར་རླུང་ཚུབ་ཀྱིས་གོད་ཆག་ཕོག་པར་བརྟེན། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨོ་ཌི་ས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ན་ཝིན་པཊ་ནེཀ་ (Chief Minister Naveen Patnaik) མཆོག་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན།
ཉེ་ཆར་ཨོ་ཌི་ས་མངའ་སྡེའི་ནང་ཕེ་ལིན་དྲག་ཆར་རླུང་ཚུབ་ཀྱིས་གོད་ཆག་ཚབས་ཆེ་བྱུང་རྐྱེན་མི་རྒྱུ་གཉིས་ལ་གནོད་སྐྱོན་ཤུགས་ཆེ་བྱུང་བར་ངོས་རང་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་རང་འབྱུང་གི་གོད་ཆག་དེའི་འོག་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། དྲག་ཆར་རླུང་ཚུབ་དེས་ཁུལ་དེར་རྟེན་གཞི་བྱས་པའི་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་སྟོན་ཐོག་ལ་གནོད་སྐྱོན་ཚབས་ཆེ་བཏང་བར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མངའ་སྡེའི་གཞུང་གི་ངོས་ནས་གང་ཐུབ་རོགས་རམ་གནང་བར་གུས་པས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཆབས་ཅིག འདས་པའི་ལོ་ངོ་བཅུ་ཕྲག་ལྷག་རིང་མངའ་སྡེའིི་སྲིད་གཞུང་རིམ་བྱོན་གྱིས་བོད་མི་རྣམས་ལ་གང་ཅིའི་ཐོག་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ཐུགས་རྗེ་ཞུས་པ་དང་སྦྲགས། སྐུ་ཉིད་མཆོག་གི་དབུ་ཁྲིད་འོག་བོད་མི་རྣམས་ལ་མུ་མཐུད་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག
སྤྱིར་བཏང་ཨོ་ཌི་ས་མངའ་སྡེའི་གྷ་ཇ་པ་ཏི་རྫོང་དུ་རྟེན་གཞི་བྱས་པའི་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ནི་ཕྱི་ལོ་ ༡༩༦༣ ལོར་གཞིས་ཆགས་རྩ་འཛུགས་གནང་ཡོད་པ་དང། གཞིས་ཆགས་དེའི་ནང་བོད་ཁྱོན་མི་གྲངས་ ༣༠༠༠ ཙམ་ཡོད་པ་རྣམས་ཀྱིས་ཞིང་ལས་ཐོག་འཚོ་བ་སྐྱེལ་བཞིན་ཡོད།