༢༠༡༣ ཟླ་ ༡༠ ཚེས་ ༡༦་རེས་གཟའ་ལྷག་པ།
༄༅། །འདི་གའི་ཕྱི་དྲིལ་ཁོར་ཡུག་ཚན་པས་བཏང་གནང་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་འཇིགས་མེད་ནོར་བུ་ལགས་དང་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། དེ་བཞིན་འགྲེམས་སྟོན་ཚན་པའི་ལས་བྱེད་ཚེ་རིང་སྒྲོལ་མ་ལགས་བཅས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་སྤྱི་ཏི་ཁུལ་དུ་བདུན་ཕྲག་གཅིག་ལྷག་རིང་ཁུལ་དེར་ཡོད་པའི་སློབ་གྲྭ་དང་དགོན་སྡེ་ཁག་ལ་ཁོར་ཡུག་དང་བོད་དོན་སྐོར་གོ་རྟོགས་སྤེལ་འདུག སྐབས་དེར་ཁོར་ཡུག་ཚན་པའི་ལས་བྱེད་རྣམ་གཉིས་ཀྱིས་སྤྱིར་ཁོར་ཡུག་སྐོར་དང་ཡང་སྒོས་གོ་ལའི་གནམ
་གཤིས་འགྱུར་ལྡོག་གིས་ཧི་མཱ་ལ་ཡའི་རི་རྒྱུད་དང་བོད་མཐོ་སྒང་གི་ཁོར་ཡུག་སོགས་ལ་ཤུགས་རྐྱེན་ཇི་ཐེབས་སྐོར་གསུང་བཤད་གནང་ཡོད།
དེ་ཡང་ཕྱི་ཟླ་ ༡༠ པའི་ཟླ་འགོ་ནས་བཟུང་ཐོག་མར་རང་རིག་མན་ཇུ་ཤྲི་དགོན་པ་ Rangrik Manjushri Temple ནས་འགོ་ཛུགས་ཀྱིས་རང་རིགས་མུན་སེལ་སློབ་གྲྭ Munseling School in Rangrik ཀ་ཛ་ནང་ཡོད་པའི་ཇ་ཝ་ཧར་ན་ཝོ་དྷ་ཡ་སློབ་གྲྭ Jawahar Narvodaya Vidyalaya School སངྒ་ནམ་ནང་ཡོད་པའི་རྒྱ་གར་གཞུང་གི་སློབ་གྲྭ Govt.Sr Secondary School in Sangnam རྟ་པོར་ཡོད་པའི་གསེར་ཀོང་སྒེར་གྱི་སློབ་གྲྭ་དང་གཞུང་གི་སློབ་གྲྭ་ Serkong public school and Govt.Sr Secondary School བཅས་སུ་ཁོར་ཡུག་དང་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད། སྐབས་དེར་མང་ཚོགས་དང་སློབ་ཕྲུག་རྣམས་ཀྱིས་དོ་སྣང་ཆེན་པོ་གནང་ཡོད་པ་མ་ཟད་ས་ཁུག་ཏུ་བཅར་ཏེ་ཁོར་ཡུག་གོ་རྟོགས་སྤེལ་བར་བསྔགས་བརྗོད་ཀྱང་གནང་འདུག
ཕྱོགས་མཚུངས་འགྲེམས་སྟོན་ཚན་པའི་ལས་བྱེད་ཀྱིས་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་ནང་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་དང་འབྲེལ་བའི་གནད་དོན་སྐོར་པར་རིགས་ལམ་ནས་འགྲེམས་སྟོན་གནང་ཡོད་པ་མ་ཟད། མང་ཚོགས་ཀྱིས་བོད་དང་རང་ལུས་མེར་སྲེག་སྐོར་གྱི་དྲི་བར་ལན་འདེབས་ཀྱང་གནང་འདུག དེ་བཞིན་ས་གནས་འདིར་དབྱར་ཁ་ཤིན་ཏུ་མཛེས་ཤིང་གནམ་གཤིས་བསིལ་བའི་དབང་གི་ཡུལ་སྐོར་སྤྲོ་འཆམ་པ་མང་ཡོང་བཞིན་ཡོད་སྟབས། ཁོར་ཡུག་འབག་བཙོག་གི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་གཉིས་ནས་དེ་དག་ལ་གདོང་ལེན་བྱེད་ཕྱོགས་སྐོར་གསུང་བཤད་གནང་ཡོད། ཕྱོགས་མཚུངས་ཡུལ་མི་དང་སློབ་ཕྲུག་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་དང་ཤིང་ནགས་འདེབས་འཛུགས་གང་ཐུབ་དགོས་པའི་རེ་སྐུལ་ཤུགས་ཆེ་ཞུས་ཡོད་པ་བཅས།།