༢༠༡༣ ཟླ་ ༡༠ ཚེས་་༩ རེས་གཟའ་ལྷག་པ།
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༩ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་བའི་ནང་འཁོད་དོན་ན། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༣ ཉིན་ནག་ཆུ་འབྲི་རུ་རྫོང་དུ་ལྗོངས་ས་ཁུལ་ཁག་གི་གོ་སྒྲིག་བྱས་པའི་དམངས་ཁྲོད་ཆབ་སྲིད་དྲིལ་བསྒྲགས་ཚོགས་ཆུང་ནས་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཟློས་གར་འཁྲབ་སྟོན་སྐབས། བོད་མི་རང་དབང་རང་བཙན་སྐད་འབོད་གནང་མཁན་འབྲི་རུ་རྫོང་ཚ་ཆུ་ཤང་གདོང་ལ་རུ་མདོའི་གྲོང་མི་རང་ལོ་ ༦༨ ལ་སླེབས་པའི་བགྲེས་སོང་ཟླ་གཡང་ལགས་སུ་རྒྱ་གཞུང་གིས་ལོ་གཉིས་དང་ཟླ་བ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༧ ཉིན་ལྷ་སའི་སྨན་ཁང་དུ་ཉེན་རྟོག་པའི་ལྟ་སྲུང་དམ་པོའི་འོག་སྨན་བཅོས་བྱེད་དུ་འབྱོར་འདུག
ཕྱི་ཟླ་༩ ཚེས་ ༢༩ ཉིན་འཛིན་བཟུང་བྱས་པའི་མི་གྲངས་ ༤༠ ནང་ནས་མོ་བ་ཐང་ས་གནས་ཀྱི་ཕ་རྒྱལ་མཚན་དང་མ་དར་སྐྱིད་གཉིས་ཀྱི་བུ་ཚེ་རིང་རྒྱལ་མཚན་ལ་ཉེས་རྡུང་ཚད་མེད་བཏང་ནས། ཕྱི་ཟླ་ ༡༠ ཚེས་ ༥ ཉིན་ལྷ་ས་མི་དམངས་སྨན་ཁང་གི་ཕྱི་བཅོས་ཚན་ཁག་ཐོག་བརྩེགས་ལྔ་པའི་ཉལ་ཁྲི་ ༡༨ སྟེང་དུ་འབྱོར་ཡོད་འདུག ཕྱི་ཟླ་ ༩ ཚེས་ ༢༩ ཉིན་ཉེས་རྡུང་བཏང་བ་ནས་བཟུང་ཕྱི་ཟླ་ ༡༠ ཚེས་ ༥ བར་སྨན་ཁང་དུ་བཏང་མི་འདུག དེ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་དང་བོད་མིའི་ཚེ་སྲོག་ལ་མཐོང་ཆུང་བྱས་ནས་བོད་མི་རྣམས་ནི་སྲོག་མེད་བེམ་པོ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལས། མིར་ངོས་འཛིན་བྱེད་ཀྱི་མེད་པ་གསལ་པོ་རེད། ཚེ་རིང་རྒྱལ་མཚན་ནི་ལོ་ ༢༥ ཡིན་འདུག ཉེན་རྟོག་པས་ཁོང་ལ་མི་སྣ་གཙོ་བོ་རེད་ཟེར་ནས་ཉེས་རྡུང་ཚད་མེད་བཏང་ནས་དེང་སྐབས་གཅིན་པ་དང་བཙོག་པ་ཚང་མ་ཁྲག་ལ་འགྱུར་ནས། ཤི་གསོན་ཧ་མི་གོ་བས་གནས་སུ་གྱུར་ཏེ། ལྷ་སའི་མི་དམངས་སྨན་ཁང་དུ་ཉལ་འདུག སྨན་པ་ཚོའི་ཕྱི་ནད་རེད་ཟེར་ནས་ནང་ནད་གང་ཡོད་པ་རྣམས་གསལ་བཤད་བྱེད་ཀྱི་མེད་པ་མ་ཟད། དེ་ཙམ་གྱི་དོ་སྣང་དང་རོགས་རམ་མཐུན་འགྱུར་བྱེད་ཕོད་ཀྱི་མི་འདུག་ཅེས་བརྗོད་བཞིན་འདུག
ཕྱི་ཟླ་ ༩ ཚེས་ ༢༩ ཉིན་ཚ་ཆུ་ཤང་ནས་སྟག་ལྷས་གྲོང་ཚོའི་སྤུན་ཟླ་ཉི་ཤུ་ཙམ་དང་དེ་བཞིན་བ་རོ་གྲོང་། ལ་འོག་གྲོང་། ཀོ་ན་གྲོང་། བ་ལག་སོགས་ཀྱིས་གྲོང་མི་མང་པོ་ཞིག་མོ་བ་གྲོང་ལ་ཕྱིན་ནས། དམར་གཞུང་གི་དྲག་ཆས་ཉེན་རྟོག་པ་དང་དམག་མི་བཅས་ལ་བཙོན་ཁང་དུ་ཡོད་པའི་བོད་མི་རྣམས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཀྱང་། རེ་ཞུ་དེར་ཉན་རྒྱུ་ཕར་གཞག་ནས་མི་དེ་ཚོར་ཉེས་རྡུང་དང་གནར་གཅོད་ཚད་མེད་བཏང་འདུག ད་ལྟའི་གནས་སྐབས་སུ་ཉེས་རྡུང་ཕོགས་པའི་ནད་པ་བརྒྱ་མ་ཟིན་ཙམ་ཞིག་འདུག དེ་ཚོ་ཚང་མ་སྨན་བཅོས་ཀྱི་གོ་སྐབས་ཕར་བཞག་ནས་རང་གི་ཁང་པའི་སྒོ་ཕྱི་ནང་ལ་ཡང་འགྲོ་དབང་མེད་པ་གྱུར་འདུག
ཕྱི་ཟླ་ ༩ ཚེས་ ༢༨ ཉིན་ནས་བཟུང་ཆུ་ཚོད་༤༨ རིང་འབྲི་རུ་རྫོང་མོ་བ་ཐང་གྲོང་ཚོའི་མི་ཟོག་ཁྱི་གསུམ་ལ་ཟས་ཁམ་ཅིག་ཙམ་དང་ཆུ་ཐིག་པ་ཙམ་ཡང་མེད་པར་རྒྱ་དམག་གི་དྲག་པོའི་བཙན་དབང་འོག་ལ་མི་ ༤༠ འཛིན་བཟུང་བྱས་པ་མ་ཚད། ནང་ལ་ཡོད་པའི་མི་དག་སྒོ་ཕྱིར་ཐོན་དུ་མ་བཅུག་པ་དང་། དུད་འགྲོ་སེམས་ཅན་རི་ལ་གཏོང་དུ་མ་བཅུག་པ། སྒོ་ཁྱི་ལའང་ལྟོ་སྟེར་དུ་མ་འཇུག་པར་མེ་མདའི་ཁ་གྲིས་ཁྱིམ་ཆས་ཡོངས་རྫོགས་སྔོག་ནས་ཐལ་ཟིང་ཕུང་སྦྱོར་གྱི་མི་སྤྱོད་དང་། རྒྱལ་ཁྲིམས་སོགས་གང་ལ་ཡང་མི་མཐུན་པའི་གདུག་རྩུབ་ཀྱི་བྱ་ངན་དེ་དག་ལག་བསྟར་བྱས་འདུག དེ་སྔོན་ཉིན་ཧོང་དམག་དཔུང་གི་རྒྱ་མི་རིགས་ལ་མནར་གཅོད་ཚད་མེད་བཏང་མྱོང་བ་ལས། ལྡབ་བརྒྱ་ཕྲག་ལས་སྡུག་པ་ཏང་གི་དམག་མིས་ཞི་བའི་བོད་མི་ཉམ་ཆུང་དེ་དག་ལ་མནར་གཅོད་ཚད་མེད་དང་ཉེས་རྡུང་ཚད་མེད་གཏོང་གི་ཡོད་འདུག
ཕྱི་ཟླ་ ༡༠ ཚེས་ ༣ ཉིན་འབྲི་རུ་རྫོང་ཟླ་ཐང་ཤང་གཡང་ཐང་གྲོང་ཚོ་བཞི་པ་ནས་ཡིན་པའི་བུ་རྡོ་རྗེ་གྲགས་རྩལ་ཟེར་བ་དེ་གཡང་ཐང་ནས་ནག་ཆུ་ལ་རོགས་པ་འགའ་དང་མཉམ་དུ་ཡོང་བ་དང་། དེའི་དགོང་མོར་ཉེན་རྟོག་པས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་འདུག འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི་དེ་སྔོན་དུས་ཡུན་རིང་པོའི་ནང་དྲང་བདེན་དང་རང་དབང་ལ་འཐབ་རྩོད་མང་པོ་བྱས་པའི་རྐྱེན་གྱི་བཅའ་སྡོད་ལས་བྱེད་ཚོས་ལྐོག་སྙན་ཕུལ་ནས་འཛིན་བཟུང་བྱས་པ་ཞིག་ཡིན་འདུག
ཕྱི་ཚེས་ ༦ ཉིན་ཡུལ་མི་རྣམས་ཀྱིས་ཁོང་གློད་བཀྲོལ་གཏོང་དགོས་པའི་འབོད་བསྐུལ་བྱས་པར་བརྟེན། རྒྱ་དམར་གྱི་དམག་མི་སུམ་བརྒྱ་ཙམ་གྱིས་མི་ཆེ་ཆུང་མེད་པ་དང་ལོ་ན་རྒན་གཞོན་མེད་པར་ཡོད་ཚད་ལ་ཉེས་རྡུང་དྲག་པོ་བཏང་ནས་མི་གྲངས་ ༦༠ ཙམ་ཞིག་ལ་ཚབས་ཆེའི་རྨས་སྐྱོན་ཕོག་ཡོད་པ་མ་ཟད། མེ་འདའ་བརྒྱབ་ནས་བཀྲ་རྒྱལ་གྱི་བརླའི་རྐང་རུས་བཅག་ཡོད་འདུག བཀྲ་རྒྱལ་བརླ་རྐང་རུས་པ་བཅག་པའི་དབང་གི་བཟུང་ཁྲག་ཚད་མེད་ཤོར་ཡོད་པར་སོང་ཚེ་སྲོག་ལ་ཧ་ཅང་ཉེན་ཁ་ཆེན་པོ་ཆགས་ཡོད་འདུག
དེ་བཞིན་ཚེ་དབང་གི་འགྲམ་རུས་གཉིས་ཀ་བཅག་འདུག་པས་ཧ་ཅང་ཉེན་ཁ་ཆེན་པོའི་གནས་སུ་གྱུར་འདུག དེར་བརྟེན་ཁོང་ཕྱི་ཚེས་ ༧ ཉིན་དགོང་མོ་ལྷ་སའི་སྨན་ཁང་ཞིག་ལ་ཁྱེར་འདུག ད་དུང་ཉེན་ཁ་ཆེན་པོ་ཡོད་པའི་ནད་པ་བློ་བཟང་དབང་ཆེན་དང་། དཔའ་རྡོར་དགྲ་ལྷའི་བུ་གཉིས་སོགས་གཙོས་པའི་མི་མང་པོ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་མ་ཟད། དུག་རླངས་བཏང་ནས་མི་མང་པོ་ཞིག་དྲན་མེད་དུ་རྒྱལ་བའི་གནས་ཚུལ་བྱུང་འདུག ད་དུང་མུ་མཐུད་ནས་གནས་ཚུལ་ཛ་དྲག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག ཁ་པར་དང་དྲྭ་ལམ་ཚང་མ་བཀག་ཟིན་པས་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཧ་ཅང་ཁག་པོ་འདུག
ཕྱི་ཚེས་ ༦ དགོང་མོ་ནས་བཟུང་ལྷ་ས་དང་ནག་ཆུ་ལ་ཡོད་པའི་འབྲི་རུའི་མི་རྣམས་འབྲི་རུ་ལ་ལོག་མི་ཆོག་པའི་སྲིད་གཞུང་གི་བཀའ་རྒྱ་བཀྲམ་འདུག ནད་པ་མང་པོ་ཞིག་སྨན་བཅོས་བྱེད་མ་བཅུག་པར་བཀག་འགོག་བྱས་འདུག གོང་ཚེས་ཉིན་མོ་འབྲི་རུ་མོ་བ་ཐང་གི་ནད་པ་ཚེ་རིང་རྒྱལ་མཚན་ལ་ལྷ་སའི་མི་དམངས་སྨན་ཁང་དུ་ལྟ་བར་འགྲོ་མཁན་ནང་གི་འབྲི་རུ་ཚ་ཆུ་ཨུ་ཐང་གྲོང་གི་གྲོང་མི་ཆོས་འཛིན་གར་སོང་ཆ་མེད་དུ་ཕྱིན་འདུག་ཟེར་ནས་ལྷ་ས་ནས་ཁ་པར་འབྱོར་འདུག ཆོས་འཛིན་ཁོང་རང་གི་རོགས་པས་བཤད་པ་ལྟར་ན་ཐོག་མར་མི་དམངས་སྨན་ཁང་ནས་མཉམ་དུ་ཡོད་པ་དང་སྔ་རྗེས་ཏོག་ཙམ་ཤོར་བ་དང་བརླག་སོང་ཟེར་གྱི་ འདུག ཅེས་སོགས་ཀྱི་ཛ་དྲག་གནས་ཚུལ་མང་དག་ཐོན་འདུག