༢༠༡༣ ཟླ་ ༡༠ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡ ནས་ ༣ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་བོད་མིའི་སློབ་གྲྭ་ཁག་འདྲ་མིན་ནས་ཕེབས་པའི་རེག་ཊར་དང་དགེ་རྒན། མདུན་ལམ་སློབ་སྟོན་པ། འཕྲོད་ལས་པ་བཅས་ལ་སློབ་གྲྭ་ཁག་གི་ནང་འཕྲོད་བསྟེན་གནང་ཕྱོགས་དང་མྱོས་རྫས་ངན་གོམས་འགོག་ཐབས་ཀྱི་ཟབ་སྦྱོང་དང་བསྐྱར་ཞིབ་ཚོགས་འདུ་དེ་ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༡༥ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཇུག་བསྡོམས་ཀྱི་གསུང་བཤད་གནང་དོན། འཕྲོད་བསྟེན་བཀའ་བློན་གྱིས་གཙོས་འཕྲོད་བསྟེན་དྲུང་ཆེ། དེ་བཞིན་སློབ་གྲྭ་ཁག་བཅོ་བརྒྱད་ནས་ཆེད་དུ་ཕེབས་པའི་རྣམ་པ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྣམ་པ་ཚོས་སོ་སོའི་སློབ་གྲྭའི་གནས་སྟངས་སྐོར་གསུང་སྐབས་སློབ་ཕྲུག་ཚོའི་འཚར་ལོངས་བྱེད་སྟངས་དང་ལྷག་པར་མྱོས་རྫས་ངན་གོམས་ཐོག་བགྲོ་གླེང་ལྷུག་པོ་གནང་བ་མ་ཟད། དེའི་ཐོག་སློབ་གསོ་ལེན་རྒྱུ་དང་། ཐབས་ལམ་གསར་པ་བརྒྱུད་ནས་ཉམས་མྱོང་གསར་པ་གསོག་ཆེད་འབྲེལ་ཡོད་སློབ་གྲྭ་སོ་སོའི་ནང་ལག་བསྟར་བྱ་རྒྱུར་ད་ཐེངས་ཟབ་སྦྱོངས་འདིས་ཏན་ཏན་ཕན་རླབས་ཆེན་པོ་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། རྣམ་པ་ཚོ་ལས་གཞི་འདིའི་ཐོག་ཉམས་མྱོང་ཡོད། ངར་མཚོན་ན་ཁྲིམས་ཀྱི་སློབ་སྦྱོང་བྱས་ནས་ཡོང་བ་ཞིག་རེད་དེར་བརྟེན་འཕྲོད་བསྟེན་ལས་གཞི་འདིའི་ཐོག་ཉམས་མྱོང་གང་ཡང་མེད་སྟབས་འདིའི་ཐོག་ཤོད་རྒྱུ་དམིགས་བསལ་མེད།
དེ་རིང་ནང་ཆོས་དང་འབྲེལ་བའི་ཐོག་ནས་དགེ་བཤེས་ལྷག་རྡོར་ལགས་དང་དེ་བཞིན་ཊི་བྷི་ནད་གཞི་དང་འབྲེལ་བའི་ཐོག་ནས་སྨན་པ་ཚེ་བརྟན་ལགས། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ནས་འཕྲིན་ལས་དཔལ་མོ་ལགས་བཅས་ཁྱེད་རྣམ་པ་གནད་དོན་མང་པོ་ཞིག་སྐོར་གོ་བསྡུར་བྱུང་འདུག སྤྱི་ཡོངས་ཐོག་ནས་ཞུས་ན་སློབ་གྲྭ་ཁག་འགའ་ཤས་ཀྱིས་སློབ་གྲྭའི་ནང་དཀའ་ངལ་རྩ་བ་ནས་མེད། ཅེས་བརྗོད་མཁན་བྱུང་། ཕྱོགས་གཅིག་ནས་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན། འོན་ཀྱང་རྩ་བ་ཉིད་ནས་དཀའ་ངལ་མེད་པ་དེ་འདྲ་ཡོང་ཤེས་ཀྱི་མ་རེད་བསམ་བཞིན་ཡོད། གང་ཡིན་བརྗོད་ན་སྐབས་དུས་སོ་སོའི་ཁྱད་པར་ཙམ་ལས་མང་ཉུང་ལ་མ་ལྟོས་པ་ཞིག་ཕལ་ཆེར་ཡོད་ངེས་རེད། གང་ཡིན་བརྗོད་ན་ཐ་མག་དང་ཉལ་ཐག་གི་དཀའ་ངལ་འདི་སྤྱི་ཚོགས་སྤྱི་ཡོངས་ལ་འཕྲད་པ་ཞིག་རེད། འཛམ་གླིང་ལོ་རྒྱུས་ལ་གཞིགས་པ་ཡིན་ནའང་འགྲོ་བ་མི་བྱུང་བ་ནས་དཀའ་ངལ་དེ་དག་ཡོད་སྡད་པ་ཞིག་ཆགས་ཡོད།
དེར་བརྟེན་བོད་པའི་སྤྱི་ཚོགས་འདི་ཡང་འཛམ་གླིང་ཁོར་ཡུག་གི་ཆ་ཤས་ཤིག་ཆགས་ཡོད་སྟབས། རང་བཞིན་གྱིས་དཀའ་ངལ་ཞིག་ཡོང་བཞིན་ཡོད། སྐབས་རེ་མང་བ་དང་སྐབས་རེ་ཉུང་བ་ཡོང་བཞིན་ཡོད། ང་ཚོས་མང་བ་ཞིག་མ་ཡོང་བའི་ཆེད་དུ་འབད་བརྩོན་བྱེད་དགོས། མང་བ་ཡོང་རྒྱུར་རྒྱུ་མཚན་འགའ་ཤས་ཡོད། དཔེར་ན་འཁོར་ཡུག་གཅིག་རེད། གཞིས་ཆགས་ཁག་ཏུ་མི་མང་ཚོས་ཐ་མག་འཐེན་སྡད་པ་ཡིན་ན་རང་བཞིན་གྱིས་མིག་དཔེ་ངན་པ་ཞིག་ཆགས་རྒྱུ་རེད། སྔ་མོ་དེ་འདྲ་ཤོད་སྲོལ་ཡོད། དགེ་རྒན་གྱིས་སློབ་ཕྲུག་ལ་ཐ་མག་ཉོ་བར་གཏོང་སྐབས། མིག་དཔེ་ངན་པ་ཞིག་བསྟན་ཟིན་པ་རེད། དེར་བརྟེན་འཕྲོད་བསྟེན་ལས་ཁུངས་དང་མདུན་ལམ་སློབ་སྟོན་པས་སློབ་མ་ཚོར་ཐ་མག་འཐེན་རྒྱུ་མེད་སྐོར་བསླབ་བྱ་ཇི་འདྲ་བརྒྱབ་ཀྱང་ཕན་ཐོགས་མེད།
དེ་བཞིན་དགེ་རྒན་རང་ཉིད་ཐ་མག་འཐེན་མཁན་ཞིག་ཡིན་ན་འདི་ལས་མིག་དཔེ་སྡུག་པ་ཞིག་གང་ཡོད། རེས་གཟའ་སྤེན་པ་དང་ཉི་མ་བཅས་གུང་གསེང་རེད་ཅེས་སྐད་ཤུགས་ཆེན་པོས་ཤོ་རྩེ་ནས་བསྡད་པ་ཡིན་ན། སང་ཉིན་འཛིན་གྲྭར་ཕེབས་སྐབས་སློབ་ཕྲུག་ཚོ་ཤོ་རྩེད་རྩེ་རྒྱུ་མེད། ཅེས་ཇི་ལྟར་བརྗོད་ཐུབ། དེར་བརྟེན་གཙོ་བོ་གཞིས་ཆགས་ནང་གི་ཁོར་ཡུག་དེས་ཤུགས་རྐྱེན་ཆེན་པོ་འཐེབ་བཞིན་ཡོད། ཕྱིའི་ཁོར་ཡུག་ལས་གཞན་པ་ནང་གི་ཁོར་ཡུག་ལ་མཚོན་ན། ཉལ་ཐག་འཐེན་རྒྱུ་དེ་གཙོ་བོ་སེམས་ནང་དཀའ་ངལ་འཕྲད་པས་རེད། དཔེར་ན་ནང་གི་ཕ་མ་གཉིས་དུས་རྟག་ཏུ་འཁྲུག་རྩོད་བྱས་པ་ཡིན་ན་ཕྲུ་གུ་དེའི་སེམས་ནང་རང་བཞིན་གྱིས་མ་སྐྱིད་པ་ཞིག་ཡོང་རྒྱུ་དང་དེས་ཉལ་ཐག་འཐེན་རྒྱུ་སོགས་ངན་གོམས་འཇགས་སྲིད་པ་ཞིག་རེད།
ཕྲུ་གུ་འགའ་ཤས་གྲོགས་པོ་ངན་པའི་རྗེས་སུ་འབྲང་ནས་ཉལ་ཐག་འཐེན་མཁན་ཆགས་བཞིན་ཡོད། ཕྲུ་གུ་འགའ་ཤས་ཀྱིས་དབྱིངས་ཡིན་མདོག་བྱེད་བཞིན་ཡོད། དེར་བརྟེན་གནས་སྟངས་མང་པོ་ཞིག་གི་ཐོག་ནས་དཀའ་ངལ་དེ་དག་འཕྲད་བཞིན་ཡོད། ང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་གཅིག་ཡོད་པ་དེ་གང་ཡིན་ཞུས་ན། སྐྱབས་བཅོལ་བའི་གནས་སྟངས་དེ་རེད། གཞན་བསྟེན་གྱི་བསམ་བློ་ཤུགས་ཆེན་པོ་ཡོད། ཐོག་མ་ནས་རང་གིས་རང་ལ་སེམས་ཤུགས་བཅག་པ་ལྟར་མཐོང་གི་འདུག ངོས་རང་གཞིས་ཆགས་ཁག་མང་པོ་དང་ཁ་འཐོར་གཞིས་ཆགས་མང་པོར་བཅར་མྱོང་ཡོད། ས་གནས་དེ་དག་ནང་ལས་བསྡོམས་ཁག་མི་འདྲ་བ་གཉིས་ཡོད། སློབ་གྲྭ་ཁག་གི་སྲིད་སྐྱོང་མདུན་དུ་ལས་བསྡོམས་སྐྱོར་སྐབས་སློབ་གྲྭ་ཡག་པོ་ཡོད་པ་དང་། སློབ་གྲྭའི་ནང་དཀའ་ངལ་མེད་པ། སློབ་ཕྲུག་ཚོས་སློབ་སྦྱོང་ཡག་པོ་བྱེད་ཀྱི་ཡོད་པ་སོགས་ཀྱི་ལས་བསྡོམས་གཅིག་ཡོད།
འབྲེལ་ཡོད་ལས་ཁུངས་ཀྱི་ལས་བསྡོམས་སྐབས་མི་མང་ཚོ་སྐྱོ་ཤོས་དང་། དཀའ་ངལ་ཆེ་ཤོས་ཡིན་པ། དེ་ལས་དཀའ་ལས་ཁག་པ་མེད་སྐོར་སོགས་བརྗོད་ནས་འདི་དང་འདི་བྱེད་དགོས་འདུག་བརྗོད་ཀྱི་ཡོད། དེ་འདྲ་ཡིན་དུས་ལས་བསྡོམས་མི་འདྲ་བ་གཉིས་ཇི་ལྟར་ཡོང་སྲིད། ངོས་རང་གཞིས་ཆགས་ཁག་ཏུ་འགྲོ་སྐབས་ང་ཚོར་མེད་པའི་མེད་རབས་མང་པོ་བརྗོད་རྒྱུ་མེད། ཅེས་ཞུ་བཞིན་ཡོད། གང་ཡིན་བརྗོད་ན་ཕྲུག་གུ་དེ་ཚོས་ཉན་ནས་བསྡད་ཡོད། དེར་བརྟེན་གཞིས་ཆགས་ཀྱི་སྡུག་སྐད་རྒྱག་སྐབས་ཕྲུ་གུ་ཚོས་མགོ་བོ་མར་འགུར་བཞིན་འདུག གང་ཡིན་བརྗོད་ན་རང་བཞིན་གྱིས་དམའ་ཆགས་རྒྱུ་དང་ངོ་ཚ་དགོས་པ་ཆགས་ཀྱི་ཡོད། ཁོང་ཚོའི་སེམས་ནང་ངའི་གཞིས་ཆགས་འདི་ཧ་ཅང་ཐབས་སྡུག་ངང་གནས་འདུག་བསམ་པ་དྲན་རྒྱུ་ཡིན།
ངོས་རང་རྒྱ་གར་ལ་ཡོད་པའི་གཞིས་ཆགས་བརྒྱ་ཆ་དགུ་བཅུ་ཙམ་ལ་བསྐོར་བ་བརྒྱབ་ཟིན། སློབ་གྲྭའང་བརྒྱ་ཆ་དགུ་བཅུ་བསྐོར་ཟིན། གཞིས་ཆགས་ཁག་གི་སློབ་གྲྭའི་ནང་བསྐྱོད་སྐབས་དྲི་བ་གཏོང་ཤོག་བརྗོད་སྐབས་སློབ་ཕྲུག་ཚོས་མགོ་བོ་མར་འགུར་གྱི་འདུག ཁོང་ཚོའི་མགོ་བོ་འགུར་སྟངས་དེ་ཡང་གོང་དུ་བརྗོད་ཟིན་པ་ལྟར་ང་ཚོའི་གཞིས་ཆགས་སྐྱོ་ཤོད་ཡིན་བརྗོད་སྐབས་ཀྱི་མགོ་བོ་འགུར་སྟངས་དང་གཅིག་པ་ཡིན། བོད་ནས་ཕེབས་མཁན་སློབ་ཕྲུག་ཚོ་སློབ་གྲྭ་ཁག་ལ་ཕྱིན་སྐབས་ཁོང་ཚོར་དྲི་གཏོང་ཤོག་བརྗོད་སྐབས་ཚང་ཁ་གཤིག་གཤིག་ཡོང་བཞིན་འདུག གང་ཡིན་བརྗོད་ན་ཁོང་ཚོ་ཆུང་དུས་ཁོར་ཡུག་ནང་སྐྱོ་བོ་དང་སྡུག་པོ་ཡིན་པའི་ཡིན་རབས་རྐྱང་ཤོད་མཁན་གྱི་འཁོར་ཡུག་ཞིག་མིན་པར་བརྟེན་སེམས་ཞུམ་པའི་ཚོར་བ་དེ་མེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་དང་ལས་བྱེད་པ་ཁག་གཅིག་ཁ་སེང་རྡ་སར་ཕེབས་སྐབས་མཇལ་བྱུང་། སྐབས་དེར་ངོས་ཀྱིས་བརྗོད་རྒྱུ་བྱུང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་ཐོག་ནས་བོད་དོན་ལ་དེ་ཙམ་གནང་མ་ཐུབ་ནའང་། དཔལ་འབྱོར་དང་འཕྲོད་བསྟེན། ཤེས་ཡོན་སོགས་ཀྱི་ཐད་ལ་བོད་མིར་རོགས་རམ་གནང་རྒྱུའི་དགོངས་བཞེས་གནང་རོགས་ཞེས་ནང་ཚགས་ཐོག་ནས་ཞུས་སྐབས། ཁོང་ཚོས་བརྗོད་པ་ལྟར་ན་ཁོང་རྣམས་རྡ་སར་ཕེབས་དགོས་དོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱིས་འཛིན་སྐྱོང་གནང་སྟངས་ཇི་ལྟར་ཡིན་མིན་ཐོག་དཔྱད་པ་བྱ་རྒྱུའི་ཆེད་ཡིན་པ་དང་། དེའི་ཐོག་ང་ཚོས་ཉམས་ཞིབ་དང་སློབ་གསོ་ལེན་ཆེད་བཅར་བ་ཡིན་ཞེས་གསུངས་བྱུང་། གང་ཡིན་བརྗོད་ན་རྒྱ་གར་ནང་ཡོད་པའི་སྐྱབས་བཅོལ་བའི་ནང་ནས་བོད་པའི་གནས་སྟངས་དེ་དཔལ་འབྱོར་དང་སྤྱི་ཚོགས། ཤེས་ཡོན། འཛིན་སྐྱོང་སོགས་གང་ཅིའི་ཐད་ནས་ལེགས་ཤོས་ཆགས་ཡོད།
དེར་བརྟེན་ཁོང་ཚོས་བོད་མིའི་ས་ནས་བློ་བསྐྱེད་ལེན་པར་བཅར་ཡོད་སྐོར་གསུངས་བྱུང་། ཏ་མིལ་དང་བྷང་ལ་དེ་ཤི། དེ་བཞིན་ཅཀ་མ་སོགས་སྐྱབས་བཅོལ་བ་ཇི་སྙེད་ཅིག་རྒྱ་གར་ནང་ཡོད་པ་ཚོའི་གནས་སྟངས་དང་བསྡུར་བ་ཡིན་ན་བོད་མི་སྐྱབས་བཅོལ་བ་ཚོའི་གནས་སྟངས་ལེགས་ཤོད་ཆགས་ཡོད། ཅེས་གསུངས་བྱུང་། ཁོང་ཚོས་འདིར་ང་ཚོའི་སར་ནས་བློ་བསྐྱེད་ལེན་པར་ཕེབས་ཡོད། དེ་བཞིན་ཕྱི་རྒྱལ་དུ་འགྲོ་བའི་སྐབས་རྒྱ་ནག་ནང་ཡོད་པའི་ཡུ་གུར་དང་སོགས་པོའི་དཀའ་ངལ་དང་ང་ཚོའི་དཀའ་ངལ་ཧ་ཅང་འདྲ་པོ་ཡོད་ཀྱང་བོད་པ་ཚོའི་གནད་དོན་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་བཞིན་ཡོད་པ་བརྗོད་ཀྱི་འདུག ཁྱེད་ཚོར་དཀའ་ངལ་ཤོད་སའི་སྡིང་ཆ་འདུག་ཅེས་བརྗོད་བྱུང་། དེ་བདེན་པ་རེད།
དཔེར་ན་ངོས་རང་ལྟ་བུར་མཚོན་ན་ཨ་རིའི་གྲོས་ཚོགས་ནང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོན་མེག་ཀེན་མཆོག་གིས་གཙོས་རྒྱལ་སྤྱིའི་ནང་གི་གནད་ཡོད་མི་སྣ་ཧ་ཅང་མང་པོ་མཇལ་འཕྲད་བྱུང་ཡོད། དེ་བཞིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན། དེ་བཞིན་ཉི་འོང་གི་ད་ལྟའི་སྲིད་བློན་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་དེ་སྔ་སྲིད་བློན་མིན་པའི་སྐབས་མཇལ་མྱོང་། དེར་བརྟེན་ཕྱི་རྒྱལ་ལ་ཡོད་པའི་རྒྱ་རིགས་ཚོས། ང་ཚོ་མང་གཙོ་རྩོད་མཁན་ཡིན། ང་ཚོ་ལས་ཁྱེད་ཚོར་སྡིང་ཆ་ཆེ་བ་འདུག་བརྗོད་མཁན་བྱུང་བ་མ་ཟད། ཡུ་གུར་བ་ཚོས། ང་ཚོའི་དཀའ་ངལ་དེ་བོད་མིའི་དཀའ་དང་གཅིག་པ་ཡིན་ནའང་བོད་མི་ཚོར་སྡིང་ཆ་ཆེ་བ་འདུག་ཅེས་བརྗོད་ཀྱི་འདུག དེས་གང་མཚོན་བཞིན་ཡོད་བརྗོད་ན། བོད་མི་ཚོས་འཇོན་གྱི་ཡོད་པ་སྟོན་གྱི་ཡོད། གཙོ་ཆེ་ཤོས་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེས་བཀྲིན་ལ་རྟེན་ནས་རེད།
དེ་བཞིན་བོད་མི་ཚོས་དཀའ་ལས་རྒྱག་ཐུབ་ཀྱི་ཡོད་པ་དེ་གསལ་པོ་ཆགས་ཡོད། གནས་སྟངས་འདི་དག་ང་ཚོས་གཞིས་ཆགས་ཁག་དང་སློབ་ཕྲུག་ཚོར་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཕྲུ་གུ་ཚོའི་སེམས་ནང་དཀའ་ངལ་འཕྲད་སྐབས་སེམས་ཞུམ་ནས་ཉལ་ཐག་སོགས་ཐེན་རྒྱུའི་ངན་གོམས་འཇགས་ཡོང་བཞིན་ཡོད། དེར་བརྟེན་གཞི་རྩའི་དཀའ་ངལ་མེད་པ་ཡིན་ན་བསླབ་བྱ་གཅིག་བརྒྱབ་ན་དཀའ་ངལ་དེ་དག་སེལ་ཐུབ་རྒྱུ་རེད། སྐྱབས་བཅོལ་བའི་ཁྲོད་ང་ཚོའི་གནས་སྟངས་ཡག་ཤོས་རེད་ཟེར་བ་དེ་དོན་མེད་འཆལ་གཏམ་ཞིག་མིན། དཔེར་ན། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འབྲི་ཀློག་ཤེས་མཁན་གྱི་བརྒྱ་ཆ་རྩིས་པ་ཡིན་ན། བརྒྱ་ཆ་བརྒྱ་བཅུ་རྒྱ་བཞི་ཆགས་ཡོད། རྒྱ་གར་རྒྱལ་ཡོངས་ཀྱི་བརྒྱ་ཆ་བདུན་བཅུ་དོན་བརྒྱད་ཙམ་རེད། ང་ཚོའི་འབྲི་ཀློག་ཤེས་མཁན་གྱི་བརྒྱ་ཆ་དེ་བྷང་ལ་དེ་ཤི་དང་བལ་ཡུལ དེ་བཞིན་པ་ཀི་སི་ཐན་ལས་ཡག་པ་ཡོད། ཁྱིམ་མཚེས་རྒྱལ་ཁབ་སྤྱི་ཡོངས་དང་བསྡུར་བ་ཡིན་ན་བཙན་བྱོལ་བོད་མི་ཉུང་ཤས་ལས་མེད་པའི་མི་འབོར་གྱི་འབྲི་ཀློག་བརྒྱ་ཆ་དེ་ཡག་པ་ཡོད།
དེ་བཞིན་ང་ཚོས་ཆོས་ཕྱོགས་ཐོག་ནས་གཟིགས་ན་བརྗོད་མི་དགོས་པ་རེད། འཛམ་གླིང་ནང་ཆོས་ཚོགས་ལ་ཆ་མཚོན་ན་ནང་པའི་ཆོས་ཚོགས་དར་ཁྱབ་ཧ་ཅང་ཆེ་བ་ཙམ་མ་ཟད། རྒྱལ་སྤྱིའི་ནང་ཚད་མཐོན་པོའི་ཐོག་ནས་དོ་སྣང་བྱས་དང་བྱེད་མུས་ཡིན། གནས་སྟངས་འདི་དག་ཕྲུ་གུ་ཚོར་གོ་རྟོགས་རྒྱ་ཆེ་སྤེལ་དགོས། དེ་ལྟར་བྱས་ཚེ་ཕྲུ་གུ་ཚོའི་བསམ་བློའི་ནང་གཞན་བསྟེན་གྱི་སེམས་ནད་དེ་ཉུང་དུ་ཕྱིན་ནས་རང་ཁ་རང་གསོའི་བློ་སྤོབས་དེ་ཤུགས་ཆེ་རུ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རྣམ་པ་ཚོས་མཁྱེན་གསལ་རེད། གཞན་བསྟེན་གྱི་བསམ་བློ་ (Dependency Syndrome) དེ་དུག་རེད། ཅེས་བརྗོད་བཞིན་ཡོད། གང་ཡིན་བརྗོད་ན་སྔ་མོ་དབྱིན་ཇིའི་མི་སེར་སྤེལ་བའི་ལམ་ལུགས་འོག་ལ་དབྱིན་ཇིའི་དབང་འོག་ཏུ་རྒྱལ་ཁབ་མང་ཤོས་ཆགས་ཡོད།
ཕྱིས་སུ་ཕྱི་ལོ་ ༡༩༤༠ སྐབས་ནས་ཕྱི་ལོ་ ༡༩༦༠ རེ་གྲངས་ནས་དབྱིན་ཇིའི་དབང་འོག་ཏུ་ཡོད་པའི་རྒྱལ་ཁབ་དེ་དག་མང་ཆེ་བར་རང་དབང་སྤྲད་ཡོད། འོན་ཀྱང་ཨ་ཕི་རི་ཀའི་ལུང་པ་འགའ་རེས་དབྱིན་ཇིའི་གཞུང་ལ་ཁྱེད་ཚོས་ང་ཚོར་དབང་བསྒྱུར་མུ་མཐུད་ནས་བྱེད་དགོས། གལ་ཏེ་ཁྱེད་ཚོ་ཕྱིན་པ་ཡིན་ན་ང་ཚོའི་སློབ་གྲྭ་དང་སྨན་ཁང་། དེ་བཞིན་འཛིན་སྐྱོང་སུས་བྱེད་ཀྱི་རེད་ཅེས་འབོད་སྐུལ་ཞུ་པ་མ་ཟད། ཆེད་རྩོམ་འབྲི་མཁན་ཀྱང་བྱུང་ཡོད། དེས་གང་མཚོན་གྱི་ཡོད་དམ་བརྗོད་ན་གཞན་བསྟེན་གྱི་བསམ་བློ་ཤུགས་ཆེ་དྲག་པ་སྟོན་བཞིན་ཡོད། ཨ་ཕི་རི་ཀ་སྐྱོ་བོ་རེད་བརྗོད་བཞིན་ཡོད་ཀྱང་ཕྱོགས་གཅིག་ནས་ཁོང་ཚོ་ཧ་ཅང་ཕྱུག་པོ་ཡིན། ཁོང་ཚོར་རྡོ་རྗེ་ཕ་ལམ་དང་གསེར། རྡོ་སྣུམ་སོགས་གཏེར་ཁ་ཧ་ཅང་ཕོན་ཆེ་ཡོད། དེ་ལྟར་ནའང་ལུང་པ་སྐྱོ་ཤོས་མང་ཤོས་ཁོང་ཚོ་ཆགས་ཡོད། དེ་གང་ཡིན་བརྗོད་ན་སོ་སོའི་བསམ་བློའི་ནང་རང་ཁ་རང་གསོའི་བསམ་བློ་དང་རང་གི་རང་ལ་གདེང་ཚོད་མེད་སྟབས་སོ་སོའི་ལུང་པ་ཡིན་ནའང་འཛིན་སྐྱོང་བྱེད་ཐུབ་ཀྱི་མེད། དེར་བརྟེན་ང་ཚོ་བོད་པ་ཚོ་ཡིན་ནའང་ལོ་ལྔ་བཅུའི་རྗེས་ཀྱི་གནས་སྟངས་ཐོག་བསམ་བློ་ཏན་ཏན་བཏང་ན་མ་གཏོགས་ད་དུང་གཞན་བསྟེན་གྱི་བསམ་བློ་ཁོ་ནར་བསྟན་ནས་བསྡད་ན། ཚང་མར་དཀའ་ངལ་འཕྲད་རྒྱུ་རེད། ཅེས་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་ཡོད་པ་བཅས།།