༢༠༡༣ ཟླ་ ༡༠ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་ཆོས་ཞུ་བ་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རིག་པ་དྲུག་ཅུ་པ་དང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་དང་ལྷན་ཐུབ་པ་དམ་ཚིག་གསུམ་གྱི་བཀའ་དབང་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་༸གོང་ས་མཆོག་ཕོ་བྲང་གཟིམ་ཆུང་ནས་ཐེ་ཝན་དད་ལྡན་ཆོས་ཞུ་བའི་སྐུ་ཚབ་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་བཞུགས་གནས་ཕོ་བྲང་ནས་གདན་ཞུས་ཀྱི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་དྲུང་དུ་སྒྲུབ་ཞག་སྔོན་དུ་མཛད་དེ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་འབྲེལ་སྐབས་རང་རྒྱུད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་ཐབས་བྱེད་དགོས་སྐོར་བཀའ་སློབ་ཕེབས་དོན། ཁ་སང་དུག་གསུམ་ཉོན་མོངས་སེལ་རྒྱུ་དང་ཤེས་རབ་ཀྱི་སྣང་བ་འབར་བ་ཞེས་གཙོ་བོ་བཤད་ཡོད། དེ་རིང་རྒྱལ་སྲས་ཀྱི་སྤྱོད་པ་ལ་འཇུག་པར་ཤོག་ཅེས་པ་གཙོ་བོ་འཆད་རྒྱུ་ཡིན། རང་ཉིད་ལ་གཅེས་པ་བྱས་དང་བྱེད་མུས་ལྟར་གཞན་ཕན་ཆེད་སེམས་བསྐྱེད་པ་ཞིག་ལ་རྒྱལ་སྲས་ཀྱི་སྤྱོད་པ་ཞེས་བརྗོད་ཀྱི་ཡོད། འདས་མ་འོངས་ད་ལྟ་བ་གསུམ་གྱིས་སངས་རྒྱས་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་སྒོམ་ནས་སངས་རྒྱས་ཀྱི་ཡོད་པ་མ་གཏོགས་ཐབས་གཞན་མེད། ང་ཚོས་འབྲས་བུ་སངས་རྒྱས་ལ་སྨོན་གྱི་ཡོད་ན་དེའི་རྒྱུ་ལ་སྨོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བཀའ་གདམས་གོང་མ་ཚོས་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེ་རྒྱུ་སྒོ་གང་ས་ནས་འབད་བརྩོན་བྱེད་དགོས། གང་ལ་ཞེ་ན། བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་བསྐྱེད་ན། ཚོགས་གསོག་རྒྱུ་དང་སྡིག་སྒྲིབ་སོགས་བྱང་གི་ཡོད། ཅེས་གསུང་གི་འདུག
རང་ཉིད་ལ་གཅེས་འཛིན་བྱེད་ཀྱི་ཡོད་ན་རྣམ་དཔྱོད་ལྡན་པའི་ཐོག་ནས་བྱེད་དགོས། ངོས་རང་ལོ་ཉི་ཤུ་རྩ་ལྔར་སླེབས་སྐབས་སྟོང་ཉིད་ཀྱི་ལྟ་བར་ཧ་ཅང་དོ་སྣང་བྱས་པ་ཡིན། རང་ལོ་སུམ་ཅུ་སོ་གྲངས་ནས་བྱང་ཆུབ་ཀྱི་སེམས་ལ་མོས་པ་རྩེ་གཅིག་ཏུ་ཡོད་ཀྱང་རང་རྒྱུད་ལ་བསྐྱེད་ཁག་པོ་རེད་བསམས་ཀྱི་ཡོད། འོན་ཀྱང་སྒོམ་འདྲིས་མང་པོ་བྱས་པར་བརྟེན་ནས་བྱང་ཆུབ་སེམས་ཞེས་པ་སེམས་ཐག་ཉེ་པོ་སླེབས་ཀྱི་འདུག ཅེས་སོགས་ཀྱི་ཆོས་འབྲེལ་བཀའ་སློབ་དང་མི་སྐྱ་ཕོ་མོ་དགེ་བསྙེན་སྒྲུབ་འདོད་ཡོད་པ་རྣམས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དང་སེར་སྐྱ་བྱིངས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་ཆོག་སྩལ་ཡོད།
དེ་ནས་ཐེ་ཝན་དད་ལྡན་ཆོས་ཞུ་བ་རྣམས་ལ་མཇལ་ཁ་དང་འབྲེལ་ཁོང་རྣམས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་མདོར་བསྡུས་ཤིག་བསྟར་འབུལ་ཞུས་ཏེ་ཉིན་བཞི་ཆོས་འབྲེལ་མཇུག་སྒྲིལ་མཛད་ཡོད།