༢༠༡༣ ཟླ་ ༡༠ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རིག་པ་དྲུག་ཅུ་པ་དང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་ཉིན་གཉིས་པར་མགོན་པོ་གང་ཉིད་མཆོག་གིས་ནང་ཆོས་ངོ་སྤྲོད་སྩལ་དོན། ཁྱེད་རང་ཚོ་དེ་རིང་འདིར་ཐེངས་དང་པོ་བཅར་མཁན་ཚོར་འདི་གཅིག་བཤད་འདོད་བྱུང། འཛམ་གླིང་འདིའི་སྟེང་ལྟ་གྲུབ་ཡོད་པའི་ཆོས་ལུགས་དེ་དག་ཚང་མས་དྲི་བ་གསུམ་ལ་ལན་བརྒྱབ་ཀྱི་ཡོད། དྲི་བ་དང་པོ། བདག་ཅེས་པ་དེ་གང་ཡིན་ནམ། དྲི་བ་གཉིས་པ། བདག་དེ་ལ་ཐོག་མ་ཡོད་དམ་མེད་དམ། དྲི་བ་གསུམ་པ། བདག་དེ་ལ་མཐའ་མ་ཡོད་དམ་མེད་དམ། དང་པོ་བདག་ཅེས་པ་གང་ཡིན་ནམ་ཞེ་ན། སངས་རྒྱས་པའི་ཆོས་མ་གཏོགས་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མས་བདག་ཟེར་བ་དེ་དཀོན་མཆོག་གི་བཀོད་པ། དེ་མིན་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ཚོ་ཡིན་ན་སྐྱེ་བ་སྔ་མ་ནས་འདིར་འོང་འདི་ནས་ཕྱི་མར་འགྲོ། ལས་བསགས་ནས་འབྲས་བུ་མྱོང་པ་པོ་དེ་འདྲའི་བདག་ཟེར་རྒྱུ་དེ་ཕུང་པོ་ལས་དོན་གཞན་པའི་བདག་ཅིག་ཡོད་ཅེས་དང། ཡི་ཤུ་དང་། ཁ་ཆེ། ཇུའུ་སོགས་ཚང་མས་འཇིག་རྟེན་བཀོད་པ་པོས་བཀོད་པའི་ངོ་བོ་དེ་བདག་ཟེར་བ་དེ་ཕལ་ཆེར་རེད་འདུག
དེར་བརྟེན་ང་ཚོའི་ཕུང་པོ་འདི་འཇིག་རྟེན་བཀོད་པ་པོས་ཐད་ཀར་བཀོད་པ་རེད་ཅེས་ཤོད་རྒྱུ་ཅང་མི་འདུག བདག་དེ་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད་ཅེ་ན་ཏག་ཏག་འགྲོ་གི་འདུག མི་ཚེ་འདི་ག་རང་དཀོན་མཆོག་གིས་བཀོད་པ་རེད། ཅེས་དང་། སངས་རྒྱས་པས་ཕུང་པོ་ལས་དོན་གཞན་པའི་བདག་མེད། བྱས་ཙང་ང་ཚོས་ཕུང་པོ་ལས་དོན་གཞན་པའི་བདག་མེད་པ་དང་ང་ཚོའི་བློ་ལ་གཅིག་ཤར་བ་བཞིན་བདག་ཅེས་ནས་དབང་འགྱུར་མཁན་ལྟ་བུ། ལུས་སེམས་གཉིས་ཟེར་དུས་དབང་འགྱུར་བྱ་ལྟ༌བུ། དེ་ལྟ་བུའི་བློར་ཤར་བ་བཞིན་བདག་མེད་ཅེས་བཅོམ་ལྡན་འདས་ཀྱི་སངས་རྒྱས་པའི་ཆོས་ནང་འདི་ལྟར་གསུངས་ཡོད། དེར་བརྟེན་བདག་མེད་ཅེས་པའི་དོན་དེ་རེད། དེ་མིན་སངས་རྒྱས་པའི་ཆོས་ལ་བདག་ཁས་ལེན་གྱི་མེད།
དེར་བརྟེན་རྒྱུ་བྱེད་པ་པོ་དང་འབྲས་བུ་མྱོང་བ་པོ་གང་འདྲ་ཡོང་གི་རེད། སྐྱེ་བ་སྔ་མ་ནས་འདིར་ཡོང་འདི་ནས་ཕྱི་མར་འགྲོ་མཁན་བདག་ཡོད་མ་རེད་དམ་ཞེས་འདི་ལྟར་ཤོད་མཁན་དེ་གོ་བ་ལོག་གི་ཡོད། བདག་རྩམ་ནས་མེད་ཅེས་བརྗོད་ཀྱི་མེད། བདག་ཡོད་པ་རེད། བདག་དེར་ཐོག་མ་ཡོད་དང་མེད་བརྗོད་དུས་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་དཀོན་མཆོག་གི་བཀོད་པའི་ཉིན་མོ་ནས་བདག་ཐོག་མ་གྲུབ་པ་རེད། མཐའ་མ་ཟེར་དུས་ལྷ་ཡུལ་དང་ཡང་ན་མྱལ་ཁམས་ལ་སྐྱེ་རྒྱུ་ཞིག་ཤོད་ཀྱི་ཡོད། དེས་མཐའ་མའི་མཐའ་ཡོད་མེད་གསལ་པོ་གང་ཡང་མི་འདུག
ཐེངས་གཅིག་ཡི་ཤུའི་ཆོས་གྲོགས་གཅིག་དང་སྐད་ཆ་བྱུང། མཐའ་མའི་མཐའ་ལྷ་ཡུལ་ལ་སྐྱེས་ནས་གཏན་འཇགས་བསྡད་ཀྱི་རེད་དམ། ཡང་ན་མྱལ་ཁམས་སུ་སྐྱེས་ནས་གཏན་འཇགས་བསྡད་ཀྱི་རེད་དམ་དེ་གང་འདྲ་རེད་ཅེས་སྐད་ཆ་དྲིས་སྐབས། དེ་ཚོ་གསལ་པོ་གང་ཡང་ཡོད་མ་རེད་ཅེས་ཟེར་བྱུང། དེ་འདྲའི་རྩད་གཅོད་བྱེད་ཀྱི་ཡོད་པ་མ་རེད་ཅེས་བརྗོད་བྱུང། དེ་ནས་མུ་སྟེགས་པའི་གཞུང་ནང་རྩད་གཅོད་བྱས་ན་གསལ་བ་མེད་དམ་སྙམ། གང་ལྟར་སྐྱེ་བ་སྔ་ཕྱི་འདོད་མཁན་ནང་ལའང་རིགས་གཉིས་ཡོད། མཐར་གཏུགས་ན་ཚངས་པ་ཆེན་པོས་བཀོད་པ་རེད་ཅེས། ཚངས་པ་ཆེན་པོས་བཀོད་པའི་ཉིན་མོ་དེར་བདག་ཐོག་མ་བསྒྲུབས་པ་ལྟ་བུ་ཕལ་ཆེར་རེད། ཚངས་པ་ཆེན་པོ་བདག་ཆེན་པོ་དེ་ལས་ང་རང་ཚོ་བདག་བྱེ་བྲག་པ་ཞིག་དེ་ནས་ཕྱེ་པ་ལྟ་བུ་དང་།
མཐའ་མ་བདག་ཆེན་པོ་དེར་ཐིམ་འགྲོ་བའི་བཟོ་འདྲ་ཤོད་ཀྱི་འདུག གང་ལྟར་སངས་རྒྱས་པའི་གཞུང་ནས་བདག་ཅེས་པ་དེ་ཕུང་པོར་རྟེན་ནས་བཏགས་པ་རེད། ཕུང་པོའི་ནང་ནས་གཙོ་བོ་རྣམ་ཤེས་ཀྱི་ཕུང་པོའི་སྒང་འགྲོ་དགོས་རེད། ཤེས་པའི་བརྒྱུད་ལ་རྟེན་ནས་བདག་ཅེས་པ་ཞིག་བཏགས་པ་ཡིན་དུས། ཤེས་པའི་བརྒྱུད་ལ་བདག་ཐོག་མ་ཡོད་མེད་འཚོལ་དགོས་རེད། ཤེས་པའི་བརྒྱུད་དེ་བསམ་བློ་བཏང་ན་ཕྱིའི་གཟུགས་ཅན་གྱི་ཆོས་བཞིན་ནང་ཤེས་པ་ཉོན་མོངས་ཙམ་གྱི་བདག་ཉིད་ཀྱང་འགྱུར་བ་འགྲོ་གི་ཡོད་པ་གསལ་པོ་རེད། འགྱུར་བ་འགྲོ་རྒྱུ་དེ་སྐད་ཅིག་སྐད་ཅིག་གི་འགྱུར་བ་འགྲོ་རྒྱུ་ཞིག་མེད་ན་དངོས་གསལ་དོད་པོའི་འགྱུར་བ་འགྲོ་རྒྱུ་ཞིག་ཡོང་ཤེས་ཀྱི་མ་རེད། དེར་བརྟེན་སྐད་ཅིག་སྐད་ཅིག་གི་འགྱུར་བ་འགྲོ་མཁན་ཞིག་ཡིན་ཕྱིན་ཆད། སྐད་ཅིག་སྐད་ཅིག་གི་འགྱུར་བ་འགྲོ་རྒྱུ་དེ་ཕྱི་འབྱུང་གི་རྒྱུ་གཞན་ཞིག་ལ་རྟེན་ནས་འགྱུར་བ་ཕྱིན་པ་མ་ཡིན་པ། སྐད་ཅིག་སྐད་ཅིག་གི་རྒྱུ་རང་ཉིད་ལ་རྟེན་ནས་འགྱུར་བ་འགྲོ་རྒྱུ་ཞིག་གསུངས་ཀྱི་ཡོད། སྐད་ཅིག་གི་རྒྱུས་སྐད་ཅིག་སྐད་ཅིག་གི་འཇིག་པའི་བདག་ཉིད་དུ་སྐྱེས་ནས་ཡོད་པ་རེད།
དེར་བརྟེན་རྒྱུ་སྔོན་དུ་སོང་བ་དེ་ཧ་ཅང་གསལ་པོ་རེད། དེ་འདྲ་ཡིན་དུས་རྒྱུ་ལ་ལྷན་ཅིག་བྱེད་རྐྱེན་དང་ཉེར་ལེན་གྱི་རྒྱུ་གཉིས་ཡོད། ཕྱིའི་གཟུགས་ཅན་ལའང་རྒྱུ་གཉིས་པོ་དེ་ཤོད་ཀྱི་ཡོད། ནང་ཤེས་པ་ལའང་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་ཡོད་དུས། དཔེར་ན་ཕྱིའི་གཟུགས་ཅན་གྱི་ཉེར་ལེན་གྱི་རྒྱུ་དེ་གཟུགས་ཅན་གྱི་ཆོས་ཞིག་དགོས་ཀྱི་ཡོད། གང་ཡིན་བརྗོད་ན་ཉེར་ལེན་གྱི་རྒྱུ་ཞེས་པ་དེ་འབྲས་བུའི་ངོ་བོར་འགྱུར་འགྲོ་མཁན་ཞིག་ཡིན་དུས་འབྲས་བུའི་རྣམ་པ་དང་རྗེས་སུ་མཐུན་པའི་རྒྱུ་གཅིག་དགོས་པ་ལས་འབྲས་བུ་དང་མི་འདྲ་བའི་རྒྱུས་དེ་དང་མི་འདྲ་བའི་འབྲས་བུ་ཉེར་ལེན་བྱས་ཟེར་བ་དེ་འདྲ་མེད། དེ་འདྲ་ཡིན་དུས་ཤེས་པ་ལ་ཡིན་ནའང་མྱོང་བ་གསལ་རིགས་ཙམ་གྱི་བདག་ཉིད་ཀྱི་ཆོས་དེ་ཉེར་ལེན་གྱི་རྒྱུ་དེ་ཡང་མྱོང་བ་གསལ་རིག་ཙམ་ཞིག་དགོས་པ་ལས་སེམས་མེད་བེམ་པོས་བྱེད་མི་ཐུབ།
གལ་ཏེ་ཤེས་པའི་རྒྱུན་དང་པོ་གཅིག་འཇོག་དགོས་ན་ཡང་ན་རྒྱུ་མེད་པའམ་ཡང་ན་མི་མཐུན་པའི་རྒྱུ་ལས་བསྐྱེད་པ། ཡང་ན་རྟག་པའི་རྒྱུ་ལས་བསྐྱེད་པ་བཤད་རྒྱུ་ཁེལ་གྱི་རེད། དེས་འདེང་གི་མ་རེད། དེ་འདྲ་ཡིན་དུས་རང་དང་རིགས་མཐུན་པའི་ཉེར་ལེན་གྱི་རྒྱུ་སྔོན་དུ་སོང་བའི་ཐོག་ནས་ཤེས་པ་ཕྱི་མ་ཕྱི་མ་བསྒྲུབ་ཀྱི་ཡོད་སྟབས། ཤེས་པའི་རྒྱུན་ལ་ཐོག་མ་མེད་པ་བརྗོད་ཀྱི་ཡོད། དེ་འདྲ་ཡིན་དུས་དེ་ལ་རྟེན་ནས་བཏགས་པའི་བདག་དེ་ལ་ཐོག་མ་མེད། དེ་བཞིན་དུ་ཤེས་པའི་སྟེང་གི་ཕྱིན་ཅི་ལོག་གི་བློ་དེ་དག་ཕྱིན་ཅི་མ་ལོག་པའི་བློ་དང་འགལ་ཟླ་ཆགས་ཡོད་པ་དང་། གཉིས་ནས་ཤེས་པ་གསལ་ཙམ་རིག་ཙམ་གྱི་བདག་ཉིད་དེ་ལ་དྲིབ་མས་སླད་མེད་པ་རེད། དེ་འདྲ་ཡིན་དུས་དྲི་མ་ཅན་ཟེར་ན་མི་འདུག ཕྱིན་ཅི་ལོག་གི་བློ་ཞིག་ཡིན་ན་དེ་དགག་རྒྱུ་ཡོང་བཞིན་ཡོད། དེ་རྒྱུན་ཆད་རྒྱུ་ཡོད། གསལ་ཙམ་མྱོང་ཙམ་དང་རིག་ཙམ་གྱི་ཤེས་པའི་བདག་ཉིད་དེ་གནས་པ་ལ་འགེག་བྱེད་མཁན་མེད།
དེར་བརྟེན་ཤེས་པའི་རྒྱུན་བརྟན་དུ་གནས་རྒྱུ་རེད། སངས་རྒྱས་པའི་གྲུབ་མཐའི་ནང་ནས་འགའ་ཞིག་གིས་ལྷག་མེད་མྱངས་འདས་སྔོན་དུ་བྱེད་ཀྱི་ཡོད་པར་སོང་རིག་པ་རྒྱུན་ཆད་གསུངས་མཁན་ཞིག་ཡོང་བཞིན་ཡོད། དེ་མ་གཏོགས་གཞན་རིག་པ་རྒྱུན་ཆད་ཤོད་ཀྱི་མེད། དེར་བརྟེན་ཤེས་རབ་སྙིང་པོའི་ནང་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སམ་ག་ཏེ་བོ་དྷི་སྭཱཧཱ། བོ་དྷི་ཞེས་པ་ང་ཚོའི་ཤེས་པ་དེ་མཐར་ང་ཚོས་རང་གིས་འབད་བརྩོན་བྱས་ན་མཐར་བྱང་སེམས་ལ་འགྲོ་རྒྱུ་ཞིག་ཡོང་རྒྱུ་རེད། དེ་ལ་མཐའ་མ་མེད་པ་ཞིག་ཆགས་རྒྱུ་རེད། དེར་བརྟེན་ཤེས་པ་ལ་ཐོག་མ་དང་མཐའ་མ་མེད་པ་དང། བདག་ལའང་ཐོག་མ་དང་མཐའ་མའང་མེད་བརྗོད་བཞིན་ཡོད། ཁ་སང་སྐད་ཆ་བྱུང་བ་བཞིན་ལྟ་གྲུབ་མི་འདྲ་བ་དེ་དག་གཙོ་བོ་བྱམས་བརྩེའི་ཉམས་ལེན་ལ་ཤུགས་གནོན་རྒྱག་རྒྱུ་དེ་རེད། དེར་བརྟེན་ལྟ་གྲུབ་མི་འདྲ་བ་དེ་དག་ཡོང་རྒྱུ་ཞིག་རེད།
འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཚོས་ང་ཚོ་ཚང་མ་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད། འཇིག་རྟེན་བཀོད་པ་པོ་དེ་ཉིད་བརྩེ་བའི་བདག་ཉིད་ཡིན་པ་དང་། དེ་ཙམ་དུ་མ་ཟད། ངོས་ལ་ཡི་ཤུའི་ཆོས་གྲོགས་ཁག་གཅིག་གིས་དེ་འདྲ་བརྗོད་ཀྱི་འདུག དེར་ཏན་ཏན་བསམ་བློ་གཏོང་རྒྱུ་ཡོད། ང་ཚོ་འཇིག་རྟེན་བཀོད་པ་པོས་བཀོད་པ་ཡིན་སྟབས་ང་ཚོར་དཔེར་ན། བུའི་རིགས་རྒྱུན་ས་བོན་ནང་ཕའི་རྫས་རྒྱུན་དེ་ཡོད་པ་བཞིན། ང་ཚོ་འཇིག་རྟེན་བཀོད་པ་པོས་བཀོད་པ་ཞིག་ཡིན་སྟབས། དཀོན་མཆོག་གི་ནུས་པའམ་ཆ་ཤས་ཤིག་ང་ཚོ་ལའང་ཡོད་པ་འདོད་ཀྱི་འདུག དེ་ཡག་པོ་འདུག དེ་འདྲའི་བསམ་བློ་ཞིག་གཏོང་སྐབས་ཐད་ཀར་མི་ཚེ་འདི་རང་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད་བརྗོད་སྐབས་སེམས་ཐག་ཉེ་པོ་ཞེ་དྲག་ཡོང་རྒྱུ་རེད། དེ་ལྟར་ཆགས་པའི་དཀོན་མཆོག་དེ་བརྩེ་བའི་བདག་ཉིད་ཡིན་པ་དང་། ང་ཚོ་ཁོང་གིས་བཀོད་པར་བརྟེན་ཁོང་གི་རྗེས་འདྲེན་དགོས་པ་འདོད་ཀྱི་ཡོད། དེ་ཤུགས་ཆེན་པོ་འདུག དེ་ཙམ་དུ་མ་ཟད། ང་ཚོར་དཀོན་མཆོག་གི་ནུས་པའི་ཆ་ཤས་ཙམ་ཡོད་པ་འདོད་ཀྱི་ཡོད། རྒྱུ་མཚན་ནི་ང་ཚོ་དཀོན་མཆོག་གིས་བཀོད་པ་རེད་ཅེས་དངོས་གནས་རང་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་སོ་སོ་སོའི་ཆོས་ལུགས་དེའི་ཐོག་ནས་ཕྱིན་ན་ཏན་ཏན་བྱམས་བརྩེའི་ཉམས་ལེན་གོང་འཕེལ་ཡོང་རྒྱུར་ཕན་ཐོགས་ཡོད་པ་ཞིག་རེད། ཅེས་སོགས་ཀྱི་སྔོན་འགྲོའི་ཆོས་འབྲེལ་དང་། དེ་ནས་དངོས་གཞིའི་བཀའ་ཆོས་སྩལ་ཡོད་པ་བཅས།།