༢༠༡༣ ཟླ་ ༡༠ ཚེས་ ༡ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་དང་འབྲེལ་བའི་ཚོགས་འདུ་ཐེངས་ ༣ པ་དེ་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིའི་ནང་ཉིན་གཉིས་རིང་བསྐོང་ཚོགས་གནང་ཡོད་པ་དང་། ཚོགས་འདུ་དེ་ནི་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་ལམ་སྟོན་འོག ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གྲ་སྒྲིག་གནང་བ་ཞིག་རེད། ཐེངས་འདིའི་ཚོགས་འདུར་ཨ་རི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་དང་། ཁོ་ལོ་རལ་ཌོ། མི་ནི་སུད་ཀྲར། ཝ་ཤིང་ཊོན་སལ་ཌལ། སྦོ་སི་ཀྲོན། ཆི་གྷ་གྷོ། ཕི་ལ་རྡལ་ཕེ་ཡ་སོགས་ས་གནས་ ༡༢ ཙམ་གྱི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་དང་། ལས་བྱེད་མཉམ་ཞུགས་གནང་ཡོད། སྐུ་ཚབ་དོན་གཅོད་ཀྱིས་ཚོགས་མི་ཡོངས་ལ་ཐོག་མར་ཚང་མར་འཚམས་འདྲི་གནང་བ་དང་ཆབས་ཅིག བོད་ཡིག་སློབ་དེབ་ཀྱི་སྒྲོམ་གཞི་ཟིན་བྲིས་བཟོ་རྒྱུར་སྐུ་ལས་མང་པོ་སྐྱོན་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ལས་འཆར་དེར་ཐུགས་སྣང་ཆེན་པོ་གནང་གི་ཡོད་པའི་སྐོར། མ་འོངས་པའི་ཚོགས་འདུའི་སྐབས་བོད་ཡིག་སློབ་དེབ་གཅིག་པུ་མ་ཡིན་པར། རིག་གཞུང་དང་ནང་ཆོས་སློབ་འཁྲིད་བྱེད་ཕྱོགས་གསར་པ་གང་ཡོད་དང་། སློབ་གྲྭའི་དཔལ་འབྱོར་ཐབས་འཚོལ་གནང་ཕྱོགས་སྐོར་ལ་ཡང་བཀའ་བསྡུར་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པའི་སྐོར།
ང་ཚོའི་ལས་གཞི་ག་རེ་ཡིན་ན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་ལྷན་དུ་འབྲེལ་བ་དམ་ཟབ་གནང་རྒྱུ་གལ་ཆེའི་རང་བཞིན་ཡིན་སྐོར་གསུང་བཤད་གནང་ཡོད། གཞན་ཡང་ཚོགས་བཅར་བ་རྣམས་ཀྱིས་དུས་ཡུན་ཉིན་གཉིས་རིང་བགྲོ་གླེང་ལྷུག་པོ་གནང་མཐར། ས་གནས་ཁག་གི་གཟའ་མཇུག་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་བོད་ཡིག་སློབ་དེབ་ཀྱི་སྒྲོམ་གཞིའི་ཟིན་བྲིས་ལ་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་ནས་ཐོག་མའི་གཏན་འབེབས་གནང་ཡོད་པ་དང་། འཛིན་རིམ་དྲུག་པ་ཡན་གྱི་བོད་ཡིག་སློབ་དེབ་ཀྱི་སྒྲོམ་གཞི་ཟིན་བྲིས་དེ་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚོགས་འདུ་ ཐེངས་བཞི་པའི་སྐབས་གཏན་འབེབས་གནང་རྒྱུ། དེ་བཞིན་སྐུ་ཚབ་དོན་གཅོད་ཁང་ནས་ཐུགས་འགན་རྐང་བཞེས་ཀྱིས་གཟའ་མཇུག་སློབ་གྲྭ་སྤྱི་ལ་ཁྱབ་པའི་དྲྭ་རྒྱ་ཞིག་ཀྱང་གསར་བཟོ་གནང་རྒྱུ།
ཕྱི་ལོ་ ༢༠༡༤ ཟླ་༨ ནང་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་དང་འབྲེལ་བའི་ཚོགས་འདུ་ཐེངས་བཞི་པ་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཚོགས་རྒྱུའི་ཐག་གཅོད་བྱུང་ཡོད་པ་ རེད། ད་རེས་ཀྱི་ཚོགས་འདུ་དེ་ནི་ས་གནས་བོད་རིགས་སྤྱི་མཐུན་པའི་ཚོགས་གཙོ་ཀུན་དགའ་འཕྲིན་ལས་ལགས་དང་། ཨ་རི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཚེ་དབང་ཕུན་ཚོགས་ལགས་གཉིས་ནས་གཙོ་སྐྱོང་གནང་ཞིང་། ཕ་རན་སི་སྐད་ཡིག་སློབ་ཆེན་གྱི་དགེ་རྒན་ལོ་རྒྱུས་ཉམས་ཞིབ་པ་དང་། རྩོམ་པ་པོ་ཆུང་ཚེ་རིང་ལགས་གདན་ཞུས་ལྟར་ཚོགས་འདུར་ཕེབས་ནས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་ཡོད། བྱང་ཨ་རི་ཁུལ་དུ་འཚར་ལོངས་བྱུང་བའི་བོད་ཕྲུག་རྣམས་ཀྱི་རྒྱུད་ལ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་གི་གོམས་གཤིས་འཇགས་ཐུབ་པའི་ཆེད། ས་གནས་ཁག་ཉི་ཤུ་ཙམ་ནང་གཞི་རྒྱ་ཆེ་ཆུང་འདྲ་མིན་གྱི་གཟའ་མཇུག་སློབ་གྲྭ་ཡོད་ཀྱང་། དུས་ཡུན་རིང་པོར་བྱང་ཨ་རིའི་སྤྱི་ཚོགས་ཁོར་ཡུག་ནང་འཚར་ལོངས་བྱུང་བའི་བོད་ཕྲུག་ཚོར་འཚམ་པའི་གཅིག་གྱུར་གྱི་བོད་ཡིག་སློབ་དེབ་ཅིག་མེད་པའི་དཀའ་ངལ་འཕྲད་སྟབས། ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་ལམ་སྟོན་འོག བོད་ཡིག་སློབ་དེབ་གཏན་འབེབས་བྱེད་ཕྱོགས་ཀྱི་ལས་དོན་དང་འབྲེལ་བའི་ཚོགས་འདུ་ཐེངས་གཉིས་ཚོགས་ཟིན་པ་དང་། ཐེངས་གསུམ་པ་དེ་ ༢༠༡༤ ཕྱི་ཟླ་ ༩ ཚེས་ ༢༨ དང་ཚེས་ ༢༩ ཉིན་གཉིས་རིང་སྐུ་ཚབ་དོན་གཅོད་ཁང་གི་ལམ་སྟོན་ལྟར་བསྐོང་ཚོགས་གནང་ནས་མཐར་གོང་དུ་ཞུས་པའི་དོན་གནད་ཁག་ཐག་གཅོད་བྱུང་བ་ནི་ལས་དོན་འདིའི་ཐོག གོམ་པ་ཆེན་པོ་ཞིག་མདུན་བསྐྱོད་བྱེད་ཐུབ་པ་བཅས།།