༢༠༠༩ ཕྱི་ཟླ་ ༧ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༡༣ ནས་ ༡༥ བར་བོད་གཞུང་ནངསྲིད་ལས་ཁུངས་དང་འཆར་འགོད་ལས་ཁུངས་ཐུན་མོང་ནས་གོ་སྒྲིག་ཞུས་ཐོག་རྒྱ་གར་ལྷོ་ཕྱོགས་ (Tamil Nadu State) ཊ་མིལ་ཎ་ཌུ་མངའ་སྡེའི་ཆ་ཤས་ཨུ་རོ་ཝི་ལི་ས་གནས་སུ་གད་སྙིགས་གཙང་སེལ་གྱི་ཟབ་སྦྱོང་ཞིག་གནང་ཡོད་པའི་སྐོར་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་རྡོ་རྗེ་ལགས་ནས་འདི་གར་ངོ་སྤྲོད་མདོར་བསྡུས་གནང་བའི་ནང་། ཨ་ཡེ་ཨེམ་ (IM) ལས་གཞིའི་འགན་འཛིན་གུ་རུ་ཉི་མ་ལགས་དང་དབུས་འཆར་འགོད་ལས་ཁུངས་ཀྱི་བློ་བཟང་བསྟན་འཛིན་ལགས་དེ་བཞིན་གད་སྙིགས་གཙང་སེལ་ཐོག་སློབ་སྟོན་ཆེད་ལས་པ་འགའ་ཤས་གདན་ཞུས་ཀྱི་ཉིན་གསུམ་རིང་ཟབ་སྦྱོང་སྤྲད་ཡོད་པའི་ནང་། ཚན་རིག་གི་རྫས་སྦྱོར་ཐོག་ནས་གད་སྙིགས་རུལ་འགྲོ་བའི་རིགས་དབྱེ་འབྱེད་ཀྱི་ལུད་དུ་འགྱུར་ཐབས་སོགས་དང་སྲོལ་རྒྱུན་སོ་ནམ་གྱི་ཐོག་ནས་འབུ་སྐྱོན་མི་ཡོང་བར་གད་སྙིགས་ལུད་བཟོ་བྱ་རྒྱུའི་ཐབས་ལམ་སོགས་དེ་བཞིན་ལས་འཆར་དེ་ཚོའི་རིགས་ཀྱི་ལས་སྡོམ་རྩིས་ཁྲ་ཉར་འཇོག་བྱ་ཕྱོགས་སོགས་ཟབ་སྦྱོང་སྤྲད་ཡོད།
ད་རེས་ཀྱི་ཟབ་སྦྱོང་དེའི་ནང་ལ་མཉམ་ཞུགས་གནང་མཁན་ནི་བཙན་བྱོལ་བོད་མིའི་ལྷོ་གཞིས་ཁག་ལྔའི་གཞིས་འགོ་དང་མཉམ་སྦྲེལ་སྡེ་ཚན་ཁག་གི་ལས་བྱེད། དེ་བཞིན་འཕྲོད་བསྟེན་སྨན་ཁང་ཁག་དང་དགོན་སྡེ། དབུས་ནས་ཤེས་རིག་ལས་ཁུངས་ཀྱི་འཆར་འགོད་འགན་འཛིན་པདྨ་བཀྲིས་དང་། འཕྲོད་བསྟེན་ལས་ཁུངས་ནས་བསྟན་འཛིན་རབ་འབྱོར། རྡ་ས་བདེ་དོན་ལས་ཁུངས་ནས་བསྟན་འཛིན་ཆོས་སྒྲོན། ནང་སྲིད་ལས་ཁུངས་ནས་ང་རང་དང་རྡོ་རྗེ་རྒྱལ་མཚན་བཅས་ནས་མཉམ་ཞུགས་བྱས་ཡོད་ལ་ཐེངས་འདིའི་ཟབ་སྦྱོང་གི་མཐུན་སྦྱོར་བསྐྲུན་མཁན་ནི་སུད་ཀྲན་ཡུལ་གྱི་རོགས་ཚོགས་ (SOIR-IM) ཡིན་ཞེས་ངོ་སྤྲོད་མདོར་བསྡུས་གནང་བའི་གནད་བསྡུས་སང་།