༢༠༡༣ ཟླ་ ༩ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཡིན་པ་སྤྱི་འབངས་ཆབ་སྲིད་ཚོགས་པའི་ Samajwadi Party ཚོགས་མི་དང་ཡུན་རིང་ནས་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་རང་ལོ་ ༦༨ ལ་ཕེབས་པའི་སྐུ་ཞབས་མོ་ཧན་སིང་ Mr Mohan Singh མཆོག་ལ་སྐྲན་ནད་ཀྱི་ནད་གཞི་ཕོག་སྟེ་ཡུན་རིང་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་ ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༢ རེས་གཟའ་ཉི་མའི་ཉིན་དིལླཱི་ཨེམ་སི་སྨན་ཁང་ AIIMS དུ་འདས་གྲོངས་སུ་གྱུར་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དམ་པ་ཁོང་གི་ལྕམ་སྐུ་ཨུར་མི་ལ་སིང་ Mrs Urmila Singh མཆོག་ལ་མྱ་ངན་གུས་འདུད་ཀྱི་འཕྲིན་ཡིག་གཅིག་ཕུལ་བའི་ནང་འཁོད་དོན།
སྐུ་ཞབས་མོ་ཧན་སིང་མཆོག་འདས་གྲོངས་སུ་གྱུར་བར་ང་ཚོ་ཧ་ཅང་བློ་ཕམ་བྱུང་། དམ་པ་ཁོང་འདས་གྲོངས་སུ་གྱུར་བར་བོད་མིའི་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་མེད་པར་གྱུར་བ་མ་ཟད། བཟང་སྤྱོད་ཀྱི་ལྟ་གྲུབ་ཚད་མཐོན་པོ་ཉམས་ལེན་གནང་མཁན་གྱི་རྒྱ་གར་གྲོས་ཚོགས་ཀྱི་མི་འཇོན་ཐང་ཅན་ཞིག་མེད་པར་གྱུར་ཡོད། དམ་པ་ཁོང་གིས་གཉན་འཕྲང་ཆེ་བའི་དུས་སྐབས་སུ་བོད་དོན་ལ་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་ཡོད་པ་དེ་བོད་མི་ཚོས་ནམ་ཡང་བརྗེད་ཐབས་མེད། དམ་པ་ཁོང་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་འདི་༸གོང་ས་མཆོག་ལ་སྙན་སྒྲོན་ཞུས་ཡོད་པར་མགོན་པོ་གང་ཉིད་མཆོག་གིས་ཧ་ཅང་ཐུགས་ཕམ་མཛད་པ་དང༌ལྷན་དམ་པ་ཁོང་ལ་ཐུགས་སྨོན་ཡང་མཛད་ཡོད། ཅེས་གསུང་པ་དང་སྦྲགས། སྲིད་སྐྱོང་མཆོག་གིས་དམ་པ་ཁོང་གིས་བོད་དོན་ཆེད་སེམས་འཁུར་ཆེན་པོས་རྒྱབ་སྐྱོར་གནང་བའི་སྐོར་གསུངས་དོན། སྐུ་ཞབས་མོ་ཧན་སིང་མཆོག་ནི་ཡུན་རིང་ནས་བོད་མིར་སེམས་ཐག་ཉེ་བའི་གྲོགས་པོ་བློས་ཐུབ་གཅིག་ཡིན་པ་དང་། དམ་པ་ཁོང་གིས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་གྱི་ལས་ཁུར་གནང་བ་བརྒྱུད། རྒྱ་གར་གྲོས་ཚོགས་ནང་དང་རྒྱལ་སྤྱིའི་གླེང་སྟེགས་ཐོག་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཆེད་འབད་བརྩོན་ཤུགས་ཆེ་གནང་ཡོད། དཀའ་ངལ་ཆེ་བའི་དུས་སྐབས་འདིར་ངས་སྐུ་ཉིད་མཆོག་དང་སྲས་མོ་རྣམ་གཉིས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད། མ་ཡིག་ངོ་མ་དབྱིན་ཡིག་ནས་ཕབ་བསྒྱུར་ཞུས་པས་དབྱིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།