༢༠༡༣ ཟླ་ ༩ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཡིན་པ་སྤྱི་འབངས་ཆབ་སྲིད་ཚོགས་པའི་ Samajwadi Party ཚོགས་མི་དང་ཡུན་རིང་ནས་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་རང་ལོ་ ༦༨ ལ་ཕེབས་པའི་སྐུ་ཞབས་མོ་ཧན་སིང་ Mr Mohan Singh མཆོག་ལ་སྐྲན་ནད་ཀྱི་ནད་གཞི་ཕོག་སྟེ་ཡུན་རིང་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་ ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༢ རེས་གཟའ་ཉི་མའི་ཉིན་དིལླཱི་ཨེམ་སི་སྨན་ཁང་ AIIMS དུ་འདས་གྲོངས་སུ་གྱུར་འདུག ཁོང་སྐུ་འཚོ་བཞུགས་སྐབས་རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་དུའང་བོད་དོན་ཆེད་ལས་འགུལ་རྒྱ་ཆེ་སྤེལ་མྱོང་ཡོད།
ཁོང་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འཕྲལ་དིལླཱིར་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་གི་ལས་བྱེད་པ་རྒན་གྲས་ཤིག་ཁོང་གི་ཤུལ་ལུས་ནང་མི་སྤུན་མཆེད་ཚོར་སེམས་གསོ་དང་གདུང་སེམས་མཉམ་སྐྱེའི་རྣམ་པ་བཏོན་ཆེད་ཐུག་འཕྲད་དུ་ཆེད་ཕེབས་གནང་ཡོད། དམ་པ་ཁོང་གིས་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ All Party Indian Parliamentary Forum for Tibet ཚོགས་མི་གནང་སྐབས།
རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་ཤུགས་ཆེ་གནང་ཡོད། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ཕྱི་ལོ་ ༡༩༧༠ སྐབས་ནང་བཙུགས་པ་ཞིག་ཡིན་འདུག ཚོགས་པ་དེས་བོད་ཀྱི་གནད་དོན་སེལ་ཆེད་རྒྱ་ནག་འགོ་ཁྲིད་ཚོས་༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དང་ལྷན་ཞི་མོལ་གནང་དགོས་པའི་རེ་འདུན་འདོན་བཞིན་ཡོད། དེ་ཡང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལས་ཐོག་པ་སྐུ་ཞབས་ཡ་ཤི་ཝན་ཏི་སེ་ན་ Mr Yashwant Sinha མཆོག་གིས་གསུང་དོན།
དམ་པ་ཁོང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གནང་སྐབས་སྐུ་ཞབས་ཨ་ཊལ་བྷི་ཧཱ་རི་བྷ་ཇི་པ་ཡེ་ Mr Atal Bihari Vajpayee མཆོག་གིས་གཙོས་རྒྱ་གར་གྲོས་ཚོགས་འཐུས་མི་རྒན་གྲས་གྲངས་ ༡༡༠ ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་ཉན་རྒྱུའི་གོ་སྐབས་བཟང་པོ་ཐོབ་ཡོད། ཅེས་གསུངས། སྐུ་ཞབས་མོ་ཧན་སིང་དམ་པ་ཁོང་གིས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ལས་ཁུར་ཞུས་རྗེས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་ལྷན་ཚོགས་ཐེངས་དང་པོ་ The first World Parliamentarians Convention on Tibetདེ་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་རྒྱལ་ས་དིལླཱིར་གོ་སྒྲིག་གནང་ཡོད།
དེ་རྗེས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་ལྷན་ཚོགས་ཐེངས་གཉིས་པ་དེ་ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐུ་ཝེ་ནི་ཡར་ Lithuania ཕྱི་ལོ་ ༡༩༩༥ ལོར་ཚོགས་སྐབས་དམ་པ་ཁོང་ལྷན་ཚོགས་དེར་མཉམ་ཞུགས་གནང་ཡོད། སྐུ་ཞབས་མོ་ཧན་སིང་དམ་པ་ཁོང་ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༥ ནང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གསར་འདེམས་སྐབས་ཚོགས་གཙོའི་ལས་རོགས་སུ་བསྐོ་གཞག་གནང་ཡོད། ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༣ ནང་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་ཞི་རྒོལ་བ་ཚོར་དམ་བསྒྲགས་ཤུགས་ཆེ་བྱས་པ་དེར་ངོ་རྒོལ་དང་བོད་མི་ཚོར་གདུང་སེམས་མཉམ་སྐྱེའི་རྣམ་པ་སྟོན་ཆེད་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ཡོད།
སྐབས་དེར་གསར་འགོད་ལྷན་ཚོགས་ཤིག་ཏུ་དམ་པ་ཁོང་གིས་གསུང་དོན། འགྲོ་བ་མིའི་ཐོབ་ཐང་ཀྱི་འཐབ་རྩོད་ཇི་འདྲ་ཞིག་ཡིན་ཡང་འགྲོ་བ་མི་རིགས་ཡོངས་རྫོགས་ཀྱི་གནད་དོན་ཞིག་ཆགས་ཡོད། ཅེས་གསུངས་པ་མ་ཟད། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་པར་ནབ་མུ་ཁར་ཇི་ External Affairs Minister Pranab Mukherjeeམཆོག་གིས་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ཤིག་ལ་བོད་ཀྱི་གནད་དོན་སེལ་ཆེད། རྒྱ་ནག་གཞུང་གིས་ཞི་མོལ་གནང་དགོས་པའི་རེ་འདུན་བཏོན་པ་དེར་སྐུ་ཞབས་མོ་ཧན་སིང་མཆོག་གིས་རྒྱབ་སྐྱོར་ཡང་གནང་ཡོད།