༢༠༡༣ ཟླ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས་མཆོག་ནི་ཕྱི་ལོ་ ༡༩༥༥ ལོར་ལྷོ་མདོ་མཁར་ཆོས་ཁྲི་སྟེང་པའི་མི་ཚང་དུ་ཕ་པདྨ་དབང་རྒྱལ་ལགས་དང་མ་ཚེ་རིང་དབྱངས་ལགས་གཉིས་ཀྱི་བུར་འཁྲུངས། ཕྱི་ལོ་ ༡༩༥༩ ལོར་བོད་ནས་འབྲུག་བརྒྱུད་འབུམ་སྡེ་ལ་དང་། ཕྱི་ལོ་ ༡༩༦༢ ལོར་འབུམ་སྡེ་ལ་ནས་ལྡི་ལི་བརྒྱུད་ཨོ་རི་སར་འབྱོར། ཨོ་རི་ས་ནས་མ་སུ་རི་སློབ་གྲྭར་གནས་སྤོས་ཀྱིས་ཕྱི་ལོ་ ༡༩༧༣ ལོར་འཛིན་རིམ་ ༡༡ ཐོན། དེ་རྗེས་ཅན་ལྡི་སྒར་ནས་མཐོ་སློབ་ཐོན། ཕྱི་ལོ་ ༡༩༧༥ ལོར་བཙན་བྱོལ་གཞུང་གི་སྲི་ཞུ་བའི་ཁོངས་སུ་འཛུལ་ཞུགས་ཀྱིས་ཐོག་མར་ཨོ་རི་སར་ཕྱི་ལོ་ ༡༩༧༩ བར་གཞིས་ལས་སྐད་དྲུང་དང་། ཕྱི་ལོ་ ༡༩༧༩ ནས་ཕྱི་ལོ་ ༡༩༨༩ བར་བོད་གཞུང་ནང་སྲིད་ལས་ཁུངས་སུ་ལས་དོན་སྣེ་མང་འགན་འཁུར་གནང་། ཕྱི་ལོ་ ༡༩༨༩ ནས་ ༡༩༩༢ བར་ཀུ་ལུ་ས་གནས་འགོ་འཛིན་ལས་འཁུར་ཞུས་ཏེ་ལས་ཡུལ་འདིའི་རིང་གནས་སྡོད་མི་མང་གི་འཕྲལ་སེལ་སྡོད་ཁང་ཉམས་གསོ། མིང་མང་ཉམ་ཐག་ལ་དམིགས་བསལ་བལྟ་རྟོགས། དཔལ་རབ་གླིང་གཞིས་ཆགས་གསར་སྐྲུན་སོགས་གནང་། ཕྱི་ལོ་ ༡༩༩༢ ནས་ཕྱི་ལོ་ ༡༩༩༤ བར་བོད་གཞུང་ལས་བྱེད་བདག་གཉེར་ཁང་གི་འགན་འཛིན་གྱི་ལས་ཡུན་རིང་གངས་སྐྱིད་ཀྱི་ཁོར་ཡུག་གཙང་བཟོ་དང་ལས་ཤག་གྲངས་ ༧༥ ཉམས་གསོ་གསར་བཟོ་གནང་། ཕྱི་ལོ་ ༡༩༩༤ ནས་ ༡༩༩༥ བར་ཨ་རིར་ལོ་གཅིག་རིང་སྲིད་དོན་དང་། འཛིན་སྐྱོང་གི་སློབ་སྦྱོང་དུ་བསྐྱོད།
ཕྱི་ལོ་ ༡༩༩༥ ནས་ཕྱི་ལོ་ ༡༩༩༨ བར་ལ་དྭགས་ལྷོ་བྱང་གཞིས་སྤྱིའི་ལས་ཁུར་རིང་བསོད་ནམས་གླིང་བརྒྱ་ཤོག་བཅུ་གཅིག་གི་མི་མང་ལ་ས་འོག་ནས་འཐུང་ཆུ་འཐེན་འདྲེན། མིང་མང་གི་སྡོད་ཁང་ཉམས་གསོ། གཞིས་ཆགས་ཀྱི་ས་ཁྱོན་རྣམས་ཀྱི་གཞུང་འབྲེལ་ས་ཁྲ་བཟོ་འདོན། གཞིས་ཆགས་ལས་ཁུངས་ཀྱི་ཁང་མིག་དགུ་ཅན་གསར་སྐྲུན། ལ་དྭགས་བྱང་ཐང་ས་ཁུལ་ལ་ཉི་འོད་ཀྱི་གློག་གྲངས་ ༤༣༦ གསར་འཛུགས། ཕྱི་ལོ་ ༡༩༩༨ ནས་ ༢༠༠༠ བར་ལྷོ་སྤྱིའི་ལས་འཁུར་རིང་ལྷོ་གཞིས་ཁག་ལྔའི་གནས་འཁོད་མི་མང་གི་འཕྲལ་ཕུགས་དཀའ་སེལ་སླད་གཞིས་ཆགས་སོ་སོར་འོས་འཚམ་གྱིས་འཆར་གཞི་གསར་པ་ཀ་ཎ་ཊ་ཀ་མངའ་སྡེའི་བསོད་ནམས་གཙུག་ལག་སློབ་གཉེར་ཁང་བརྒྱུད་བཟོ་འདོན་ཁྱབ་ཁོངས་གཞིས་ཆགས་ཁག་ལྔའི་མངའ་གཞུང་དང་འབྲེལ་བའི་དཀའ་ངལ་ཉམས་ཞིབ་ཀྱིས་སྙན་སེང་ཞུས་པས་བྱས་འབྲས་སུ་མངའ་གཞུང་འཁྲལ་བསྡུ་བློན་ཆེན་དབུ་བཞུགས་ཀྱིས་འབྲེལ་ཡོད་མངའ་སྡེའི་ཚན་པ་བཅུ་དྲུག་གི་དྲུང་ཆེ་དང་འགན་འཛིན་བོད་མི་གནས་སྡོད་རྫོང་གསུམ་གྱི་རྫོང་དཔོན་རྣམ་པ། ལྷོ་སྤྱི་དང་ས་གནས་འགོ་འཛིན་ཁག་ལྔ་བཅས་ལྷན་འཛོམས་ཀྱིས་དཀའ་སེལ་ཐབས་ལམ་ཞུས།
ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༢ བར་བོད་གཞུང་ཟློས་འགར་གྱི་སྤྱི་ཁྱབ་འགན་འཛིན། དུས་ཡུན་འདིའི་རིང་རྒྱལ་ཁབ་ཁག་ལྔ་ལ་རིག་གཞུང་འཁྲབ་སྟོན་དང། རྒྱ་གར་གྲོང་སྡེ་ཆེ་ཁག་དང་། བོད་མིའི་གནས་སྡོད་གཞིས་སྒར་བཅས་ལ་རིག་གཞུང་འཁྲབ་སྟོན་ཞུས། ཕྱི་ལོ་ ༢༠༠༢ ནས་ཕྱི་ལོ་ ༢༠༠༣ བར་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར། ཕྱི་ལོ་ ༢༠༠༣ ནས་ཕྱི་ལོ་ ༢༠༠༤ བར་ཚོགས་དྲུང་ལས་འཕར། ཕྱི་ལོ་ ༢༠༠༤ ལོར་དྲུང་ཡིག་ཆེན་མོར་གནས་སྤར་གྱིས། ༢༠༠༥ བར་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་འཛིན་སྐྱོང་དྲུང་ཆེ།
ཕྱི་ལོ་ ༢༠༠༥ ནས་ ༢༠༡༠ བར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་སྤྱི་ཁྱབ་ཁྲིམས་དྲུང་། སྐབས་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་གཏད་དུ་སིམ་ལ་མངའ་གཞུང་ཁྲིམས་ཁང་ལ་ཁ་མཆུ་ཞུ་གཏུག་ཡོད་པ་དེ་བཞིན་རྒྱལ་ཁ་ཐོབ། ཕྱི་ལོ་ ༢༠༡༠།༡༢ ནས་ ༢༠༡༣།༩ བར་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་འགན་ཁུར་ཞུ་མུས་ཐོག་ཁྲིམས་ཞིབ་པ་གཞན་དུ་འདེམས་ཐོན་བྱུང་བ་བཅས། །