༢༠༡༣ ཟླ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཡུ་རོབ་སྤྱི་མཐུན་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་སི་ཊབ་རོ་སི་ལམ་བྷི་རི་ནི་དི་སི་ Mr Stavros Lambrinidis མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༩ ནས་ ༡༨ བར་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་སྐབས་བོད་ཀྱི་ས་ཁུལ་མཚོ་སྔོན་ཞིང་ཆེན་ Qinghai Province དང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་གཅིག་ནང་ཕེབས་ཡོད། གཟིགས་སྐོར་དེ་ནི་རྒྱ་ནག་གཞུང་གི་ཕྱི་འབྲེལ་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག འཚམས་གཟིགས་སྐབས་རྒྱ་ནག་གཞུང་གིས་དམིགས་བསལ་སྐུ་ཚབ་མཆོག་ཉེ་ལམ་བོད་མི་འབྲོག་པ་རྣམས་གནས་སྤོས་བྱས་པའི་གཏན་འཇགས་གྲོང་ཚོ་གསར་པ། ཞེས་པ་དེར་ཁྲིད་ཡོད།
ཕྱོགས་མཚུངས་རྒྱ་ནག་གཞུང་གིས་དམིགས་བསལ་སྐུ་ཚབ་མཆོག་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྟེན་གཞི་བྱས་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་Tibet University གཙུག་ལག་སློབ་དཔོན་དང་སློབ་ཕྲུག་ཁག་གཅིག དེ་བཞིན་བོད་ལྗོངས་ཉིན་རེའི་ཚགས་པར་Tibet Daily ཡི་རྩོམ་སྒྲིག་པ་སོགས་དང་ཐུག་འཕྲད་གནང་བ་མ་ཟད། ཕོ་བྲང་པོ་ཏཱ་ལ་དང་། ལྷ་སའི་ཇོ་ཁང་། གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་སོགས་ལ་འཚམས་གཟིགས་སུ་ཁྲིད་ནས་དགེ་འདུན་པ་ཁག་གཅིག་དང་། དགོན་པའི་ཕྱག་མཛོད་སོགས་དང་ཐུག་འཕྲད་བྱེད་བཅུག་ཡོད། ལྷག་པར་དམིགས་བསལ་སྐུ་ཚབ་མཆོག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་ནག་དམར་པོའི་གཞུང་གི་དྲུང་ཆེས་གཙོས་རྒྱ་རིགས་གཞུང་གི་ལས་བྱེད་པ་ཁག་གཅིག་དང་ཐུག་ནས་གྲོས་མོལ་གནང་ཡོད་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་སྲིད་སྐྱོང་གཞོན་པ་དང་ཐུག་འཕྲད་གནང་ནས་བདེ་འཇགས་དང་བརྟན་ལྷིང་། རང་ལུས་མེར་སྲེག་གི་གནད་དོན། སྨྲ་བརྗོད་དང་ཆོས་དད་རང་དབང་། ཡུན་གནས་ཐུབ་པའི་འཛུགས་སྐྲུན་ཡར་རྒྱས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས། གྲོང་ཁྱེར་འཛུགས་སྐྲུན། གཏན་འཇགས་གྲོང་ཚོར་གནས་སྤོ་ཟིན་པའི་འབྲོག་པ་རྣམས་ཀྱི་འཚོ་བའི་མདུན་ལམ། ཁོར་ཡུག་སྲུང་སྐྱོབ། སྐད་ཡིག་གཉིས་ཀྱི་བརྒྱུད་ལམ་ཐོག་ནས་བོད་མིའི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་སོགས་ཀྱི་གནད་དོན་ལ་ཁྲིམས་ཀྱི་ལམ་ལུགས་ཐོག་ནས་སྟངས་འཛིན་བྱེད་སྟངས་སྐོར་གོ་བསྡུར་གནང་ཡོད།
དེ་བཞིན་དམིགས་བསལ་སྐུ་ཚབ་མཆོག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བཞུགས་སྐབས་ཕྱི་འབྲེལ་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་མཆོག་དང་ལྷན་ཚོགས་ཐོག་གྲོས་མོལ་གནང་ཡོད། སྐབས་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཡོངས་ཁྱབ་ཀྱི་དུས་བཀག་བསྐྱར་ཞིབ་ UN’s Universal Periodic Review བྱ་རྒྱུའི་སྒྲིག་གཞི་དེར་རྒྱ་ནག་གཞུང་གིས་སྲུང་བརྩི་ཞུ་དགོས་པར་བརྟེན། དེ་འབྲེལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་སྤྱི་འབངས་དང་ཆབ་སྲིད་ཐོབ་ཐང་སྲུང་སྐྱོབ་ཀྱི་གྲོས་མཐུན་ International Covenant on Civil and Political Rights དེར་རྒྱ་ནག་གཞུང་གིས་ས་རྟགས་བཀོད་ཡོད་སྟབས། མགྱོགས་མྱུར་གྲོས་མཐུན་དེ་རྒྱ་ནག་ནང་དང་། བོད། དེ་བཞིན་ཤིང་ཅང་སོགས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་ཁྲིམས་ལུགས་གཏན་འབེབས་ཀྱིས་ལག་བསྟར་བྱ་རྒྱུ་གལ་ཆེ་ཡིན་སྐོར་གོ་བསྡུར་གནང་ཡོད།
ཕྱོགས་མཚུངས་སྐབས་དེར་སྨྲ་བརྗོད་དང་འདུ་འཛོམས། ཆོས་དད། གསར་འགྱུར་བཅས་ཀྱི་རང་དབང་ལ་སོགས་པར་ཉེ་ལམ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པའི་གནད་དོན། དེ་བཞིན་རྒྱ་ནག་གཞུང་གིས་སྲོག་ཁྲིམས་ཀྱི་ཉེས་ཆད་ལ་བསྐྱར་བཅོས་བྱ་རྒྱུ་དང་། སྤྱི་ཚོགས་དང་དཔལ་འབྱོར་གྱི་ཐོབ་ཐང་བཟང་དུ་གཏོང་རྒྱུ། འགྲོ་བ་མིའི་ཐོབ་ཐང་ནི་ཡོངས་ཁྱབ་ཀྱི་གནད་དོན་ཞིག་ཡིན་པ་དང་།
སྤྱི་ཚོགས་ཀྱི་ལས་འགན། བཙན་དབང་གིས་སུན་གཙེ་བཟོས་པ་དང་འཛིན་བཟུང་བཀག་ཉར་བྱ་རྒྱུའི་གནད་དོན་ཐོག་གོ་བསྡུར་གནང་ཡོད། གཞན་ཡང་དམིགས་བསལ་སྐུ་ཚབ་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་རྒྱ་ནག་དབར་ཚོང་ལས་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་གླེང་སྟེགས་སྒོར་མོའི་ལྷན་ཚོགས་ EU-China Roundtable on Business and Human Rights ཀྱི་གཙོ་སྐྱོང་ཐེངས་དང་པོ་གནང་ཡོད། དེ་རྗེས་དམིགས་བསལ་སྐུ་ཚབ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༠ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན།
འཚམས་གཟིགས་ཀྱི་གོ་སྐབས་འདིས་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་རྒྱ་ནག་གཞུང་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་སེམས་འཚབ་ཆེན་པོས་གོ་བསྡུར་བྱ་རྒྱུའི་གོ་སྐབས་ཐོབ་བྱུང་བ་མ་ཟད། ཕྱོགས་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་མུ་མཐུད་གྲོས་མོལ་རྒྱུན་སྐྱོང་བྱ་རྒྱུ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཀྱི་གྲུབ་འབྲས་བཟང་པོ་ཞིག་ཐོན་ཆེད་འབད་བརྩོན་ཇི་ལྟར་བྱེད་དགོས་མིན་གྱི་ཐབས་ལམ་འཚོལ་རྒྱུར་ཕན་ཐོགས་བྱུང་། འཚམས་གཟིགས་སྐོར་བསྐྱོད་སྐབས་རྒྱ་ནག་གཞུང་གིས་ངར་འབྲེལ་ཡོད་ཚོ་དང་ཐུག་རྒྱུ་ཙམ་མ་ཟད། སྐད་ཆ་ཤོད་རྒྱུས་མཚོན་ཚོགས་འདུ་ཚོགས་རྒྱུའི་གོ་སྐབས་སྤྲད་བྱུང་།
སྐབས་དེར་རྒྱ་ནག་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་བབ་ཐོག་ཡར་རྒྱས་ཀྱིས་དབུལ་ཕོངས་གཙང་སེལ་དང་ཤེས་ཡོན་ཡར་རྒྱས་ཕྱིན་པའི་གནས་སྟངས་ངོ་སྤྲོད་དང་རྒྱུས་ལོན་གནང་བྱུང་། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་སེམས་འཚབ་བྱེད་དགོས་པའི་རྣམ་འགྱུར་ཞིག་མངོན་བྱུང་། དེ་ནི་གཙོ་བོ་ཞི་བའི་ལམ་ནས་རང་གི་བསམ་ཚུལ་རང་དབང་ཐོག་ནས་བརྗོད་མཁན་དང་། ཁྲིམས་མཐུན་གྱི་ལམ་ནས་རང་གི་ལས་འགན་ལག་བསྟར་བྱེད་སྐབས་དམ་བསྒྲགས་བྱས་པ་དང་། འཛིན་བཟུང་བཀག་ཉར་བྱས་པ། ཁྲིམས་ཆད་བཏང་བ་སོགས་བྱེད་བཞིན་ཡོད། ངའི་སྐོར་བསྐྱོད་ཀྱི་དུས་ཡུན་ཆ་ཚང་རིང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་ཞུ་རྒྱུའི་ཁྲིམས་སྒྲིག་ལ་བརྩི་བཀུར་ཞུ་རྒྱུའི་འགན་ཁུར་དེ་དག་དང་དུ་བླངས་ནས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་རྒྱལ་སྤྱིའི་གནས་བབ་ཐོག་བསླེབ་ཆེད་ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱ་ནག་གཞུང་དང་ལྷན་ལས་ཀ་བྱ་རྒྱུར་རྟག་ཏུ་གྲ་སྒྲིག་ཡོད་སྐོར་གསལ་སྟོན་ཞུས་ཡོད། ཅེས་འཁོད་འདུག