༢༠༡༣ ཟླ་ ༩ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །རྒྱ་ནག་ནང་རྟེན་གཞི་བྱས་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ Foreign Correspondents’ Club of China ཀྱིས་རྒྱ་ནག་ནང་གསར་འགྱུར་རང་དབང་གི་ཁོར་ཡུག་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་དཔྱད་ཞིབ་ཀྱི་སྙན་ཐོ་ཞིག་གསལ་སྟོན་གནང་ཡོད། དཔྱད་ཞིག་ཀྱི་སྙན་ཐོ་དེ་ནི་ཕྱི་ལོ་ ༢༠༡༣ ཟླ་ ༥ ནང་ཕྱོགས་སྒྲིག་གནང་ཡོད། དེ་ཡང་མཐུན་ཚོགས་དེས་སྤེལ་བའི་དཔྱད་ཞིབ་ཀྱི་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་ཚོར་སྡིགས་སྐུལ་བཏང་བ་མ་ཟད། དམ་བསྒྲགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། རྒྱ་ནག་ནང་གི་ཕྱི་རྒྱལ་གསར་འགོད་པ་བརྒྱ་ཆ་ ༩༨ རྒྱ་ནག་ནང་གི་གསར་འགྱུར་རང་དབང་དེ་རྒྱལ་སྤྱིའི་གནས་བབ་ལས་དམའ་བ་དང་། བརྒྱ་ཆ་ ༧༠ རྒྱ་ནག་ནང་གི་གསར་འགོད་པའི་རང་དབང་གི་གནས་བབ་དེ་སྔ་ལོ་བཞིན་ཡོད་པའམ་དེ་ལས་སྡུག་ཏུ་ཕྱིན་ཡོད་པ་གསལ་སྟོན་གནང་ཡོད། བརྒྱ་ཆ་གསུམ་ཙམ་གྱིས་གནས་སྟངས་བཟང་དུ་འགྲོ་བཞིན་ཡོད་པ་བཀོད་ཡོད།
གཞན་ཡང་མཐུན་ཚོགས་དེས་སེམས་འཚབ་ཆེ་ཤོས་བྱ་ཡུལ་གཅིག་ནི་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་གཞུང་གིས་མུ་མཐུད་དམ་བསྒྲགས་བྱེད་བཞིན་པ་དང་། ས་ཁུལ་དེ་དག་ནང་དུ་གསར་འགོད་པའི་འགྲོ་བསྐྱོད་ལ་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱས་པ་དང་གསར་འགོད་པ་འབྱོར་ཟིན་པ་རྣམས་ལ་དམ་བསྒྲགས་སུན་གཙེར་བཟོ་བཞིན་ཡོད། དེ་ཡང་མཚོ་སྔོན་ Qinghai ས་ཁུལ་གྱི་ཉེན་རྟོག་མི་སྣས་བརྗོད་དོན་ལྟར་ན། བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་གི་ནང་དུ་ཕྱི་རྒྱལ་གསར་འགོད་པ་འགྲོ་བསྐྱོད་མི་ཆོག་པ་ཡིན། འདི་ལྟ་བུའི་གསར་འགོད་པའི་འགྲོ་བསྐྱོད་ལ་མཐའ་གཅིག་ཏུ་དམ་བསྒྲགས་བཀག་འགོག་བྱ་རྒྱུ་བྱུང་མེད་ཀྱང་། རྒྱ་ནག་གཞུང་གི་ས་གནས་གཞུང་འབྲེལ་མི་སྣས་གསར་འགོད་པའི་ལས་ཀར་ཐས་བྱུས་བྱ་ཤུགས་ཆེ་རུ་ཕྱིན་ཡོད། ཅེས་དཔྱད་ཞིབ་སྙན་ཐོའི་ནང་འཁོད་ཡོད།
ཕྱོགས་མཚུངས་ཕྱི་རྒྱལ་གསར་འགོད་པ་ཚོས་གལ་ཏེ་ས་གནས་ཉེན་རྟོག་མི་སྣས་ཁ་ལ་མ་ཉན་ཚེ་རྒྱ་ནག་གཞུང་གིས་གསར་འགོད་པ་དེར་ཆེད་མངགས་སུན་གཙེར་བཟོ་བཞིན་ཡོད་པ་དང་། ཕྱི་རྒྱལ་གསར་འགོད་པ་ཚོའི་དྲ་རྒྱར་ནད་འབུ་བཏང་སྟེ་ལས་ཀར་འགོག་རྐྱེན་བཟོས་པ་དང་། ཁོང་ཚོའི་ལག་གཡོག་རྒྱ་རིགས་རྣམས་ཀྱི་བེད་འཇག་ལ་འགན་ཁུར་བྱ་རྒྱུ་མིན་པའི་རྣམ་འགྱུར་བཏོན་པ་སོགས་ཡོང་བཞིན་ཡོད་པ་འཁོད་ཡོད། དེ་ཡང་དབྱིན་ཇིའི་གསར་འགྱུར་བརྙན་འཕྲིན་ British TV correspondent ཞེས་པའི་གསར་འགོད་པ་ཞིག་གིས་བརྗོད་དོན། རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣས་སྒྲིག་ཆས་མ་གྱོན་པར་དཀྱུས་་ཆས་སྤྲས་ནས་ལག་ཆ་འཛིན་བཞིན་གློ་བུར་དུ་ལྷག་ནས་གསར་འགོད་པར་འགོག་རྐྱེན་བཟོ་བཞིན་པའི་གནས་ཚུལ་བྱུང་བཞིན་ཡོད་པ་མ་ཟད། ཁོང་ཚོ་ཕལ་ཆེ་བ་རླུང་ལངས་པོ་དང་གཤིས་ཀ་རྩུབ་པོ་འདུག དེར་བརྟེན་ཁོང་ཚོ་དང་འཐབ་རྩོད་སྐབས་ངའི་ལུས་པོར་རྨ་མང་པོ་བཟོས་མྱོང་།