༢༠༡༣ ཟླ་ ༩ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་གྱི་གསར་འགོད་མཐུན་ཚོགས་པེ་རེ་སི་ཊར་སི་ཨོབ་ཨིན་ཌི་ཡ་ Press Trust of India ཞེས་པས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་པར་དེ་ཤིའི་མངའ་སྡེའི་ནང་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་དབུ་ཁྲིད་རྣམ་པས་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མན་མོ་ཧན་སིངྒ་ Prime Minister Manmohan Singhམཆོག་དང་དངོས་སུ་མཇལ་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གྱི་ཞུ་སྙན་ཞིག་ཕུལ་བའི་ནང་གནད་དོན་གཙོ་བོ་ནི། རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་ཐོག་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་དགོས་པ་མ་ཟད། བོད་རྒྱ་ཞི་མོལ་བསྐྱར་གསོ་ཡོང་ཆེད་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་དགོས་པ་དང་། གཞན་ཡང་ཞུ་སྙན་དེའི་ནང་འཁོད་དོན།
རྒྱ་གར་དང་ཨེ་ཤི་ཡའི་ནང་བརྟན་ལྷིང་ངོ་མ་ཞིག་ཡོང་དགོས་ན་བོད་ཀྱི་གནད་དོན་སེལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་སྐབས་ཨ་རུ་ན་ཅལ་དང་བོད་དབར་ཚོང་འབྲེལ་གྱི་མཚོན་འབྲེལ་ལམ་ཧ་ཅང་བཟང་པོ་ཡོད། དེར་བརྟེན་ཨ་རུ་ན་ཅལ་མི་མང་ཚོར་རང་བཞིན་གྱིས་བོད་མི་ཚོར་སེམས་ཐག་ཉེ་པོ་དང་ཁོང་ཚོའི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེ་ཡོང་བཞིན་ཡོད། རྒྱ་གར་གཞུང་ནས་ཀྱང་བོད་ཀྱི་གནད་དོན་སེལ་ཆེད་རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པར་བོད་མིའི་དབུ་ཁྲིད་དང་ལྷན་གྲོས་མོལ་གནང་སྟེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་བྱ་རྒྱུར་འབད་བརྩོན་གནང་དགོས། ཞེས་འཁོད་ཡོད། ཞུ་སྙན་དེར་མཚན་རྟགས་འགོད་མཁན་ཨ་རུ་ན་ཅལ་ཆབ་སྲིད་ཚོགས་པའི་དབུ་ཁྲིད་རྣམས་ནི། ཨ་རུ་ན་ཅལ་པར་དེ་ཤིའི་ཀོངྒ་རེ་སི་ཚོགས་པའི་ཚོགས་ཆུང་ Arunachal Pradesh Congress Committee གི་ཚོགས་གཙོ་སྐུ་ཞབས་མུ་ཀུཏ་མི་ཐི་Mukut Mithi མཆོག་དང་། མངའ་སྡེའི་ཨེན་སི་པི་ NCPཚོགས་གཙོ་སྐུ་ཞབས་ཁ་ཕ་བྷེང་གི་ཡ་ Kahfa Bengia མཆོག མངའ་སྡེའི་བྷི་ཇེ་པིའི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ BJP སྐུ་ཞབས་ཏ་ཡི་ཏ་གག་ Tai Tagak མཆོག ཨ་རུ་ན་ཅལ་མི་མང་ཚོགས་པའི་ཚོགས་གཙོ་ People’s Party of Arunachalསྐུ་ཞབས་ཀ་མེང་རིང་གུ་མཆོག Kameng Ringu དེ་བཞིན་ཨ་རུ་ན་ཅལ་མངའ་སྡེའི་བོད་དོན་རྒཡབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཏ་ཆོ་ཁ་བྷཀ་མཆོག་ Tacho Kabak བཅས་ཡིན་འདུག