༢༠༡༣ ཟླ་ ༩ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐུ་ཞབས་ཊོ་ནི་ཨེ་བྷོ་ཊི་མཆོག་ཨོ་སི་ཊོ་ལི་ཡའི་སྲིད་བློན་གསར་པར་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་འཁོད་དོན།
སྐུ་ཉིད་མཆོག་ཕྱི་ལོ་ ༢༠༡༣ ལོའི་ཨོ་སི་ཊོ་ལི་ཡའི་སྲིད་བློན་གསར་པའི་འོས་བསྡུའི་ནང་རྒྱལ་ཁ་ཤུགས་ཆེ་ཐོབ་སྟེ་སྲིད་བློན་གསར་པར་འོས་འདེམས་བྱུང་བར་ངས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། སྐུ་ཉིད་མཆོག་གི་དབུ་ཁྲིད་འོག་ལས་དོན་མཐའ་དག་ལམ་ལྷོང་ལྡན་པ་ཡོང་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་དང་ལྷག་པར་དུ་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིར་སྐུ་ཉིད་མཆོག་གིས་ཕྱི་ལོ་ ༢༠༠༩ ཟླ་ ༡༢ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པར་བོད་མིའི་སྒྲིག་འཛུགས་ཀྱིས་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
སྐུ་ཉིད་མཆོག་གི་ཆབ་སྲིད་ཚོགས་པས་བོད་མིའི་སྐུ་ཚབ་དང་རྒྱ་ནག་འགོ་ཁྲིད་དབར་ཞི་མོལ་བྱས་པ་བརྒྱུད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པ་རྒྱ་ནག་གཞུང་ལ་དགོས་འདུན་བཏོན་པ་དེར་ང་ཚོས་དགའ་བསུ་ཞུ་རྒྱུ་མ་ཟད། ང་ཚོས་བོད་ཀྱི་གནད་དོན་དེ་བཞིན་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་ཆོད་སེམས་བརྟན་པོ་འཆང་བཞིན་ཡོད།
ཨོ་སི་ཊོ་ལི་ཡའི་གཞུང་མང་གཉིས་ཀྱིས་འཚེ་མེད་ཞི་བ་དང་མང་གཙོའི་ལྟ་གྲུབ་ལ་གཞི་བཅོལ་བའི་བོད་མིའི་འཐབ་རྩོད་ལ་ཡུན་རིང་ནས་རྒྱབ་སྐྱོར། བོད་མི་ཚོར་སྐྱབས་བཅོལ་གྱི་ཐོབ་ཐང་གནང་བར་ངས་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གི་དབུ་ཁྲིད་འོག་བོད་དོན་ཐོག་སྔར་བཞིན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་རེ་འདུན་ཞུ་བཞིན་ཡོད། ཅེས་འཁོད་ཡོད།།