༢༠༡༣ ཟླ་ ༩ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་ཨེ་ཨེབ་པི་གསར་ལས་ཁང་ AFP news agency ནས་གནས་ཚུལ་སྤེལ་གསལ་ལྟར་ན། ལུ་ཐེ་ནི་ཡའི་ཡུ་རོབ་སྤྱི་མཐུན་ཚོགས་པའི་ European Parliament འཐུས་མི་སྐུ་ཞབས་ལིའོ་ནི་ཌ་སི་ཌོན་སི་ཀི་ Leonidas Donskis མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༡ རེས་གཟའ་ལྷག་པའི་ཉིན་གསུང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དྲིན་ལན་མཇལ་རྒྱུའི་བཟང་སྤྱོད་ཀྱི་འོས་འགན་ཞིག་ལུ་ཐེ་ནི་ཡའི་ཡུལ་མི་ཚོར་ཡོད། ཁོང་ནི་གོ་ལ་ཧྲིལ་པོ་འདིའི་ནང་འཚེ་མེད་ཞི་བའི་མཚོན་དོན་ཞིག་ཆགས་ཡོད།
ར་སྐུ་ཞབས་ལིའོ་ནི་ཌ་སི་ཌོན་སི་ཀི་མཆོག་ནི་ལུ་ཐེ་ནི་ཡའི་ཡུལ་གྱི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་དབུ་ཁྲིད་གཅིག་ཡིན་པ་མ་ཟད། སྤྱི་ཚོགས་ནང་རང་དབང་གི་ཐོབ་ཐང་རྩོད་ལེན་པ་ཞིག་ཀྱང་ཆགས་ཡོད། དེར་བརྟེན་ཕྱི་ལོ་ ༢༠༠༤ ལོར་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ European Commissionཀྱིས་ཁོང་ལ་ལུ་ཐེ་ནི་ཡའི་ནང་བཟོད་བསྲན་དང་མཐུན་སྒྲིལ་གོང་འཕེལ་གཏོང་མཁན་གྱི་སྐུ་ཚབ། Ambassador for Tolerance and Diversity in Lithuania ལྟ་བུར་ངོས་འཛིན་ཞུས་ཡོད། གཞན་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༦ ནང་ཁོང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། བོད་ཀྱི་གནད་དོན་བརྒྱུད་ནས་ང་ཚོས་བྱམས་བརྩེ་དང་དྲང་བདེན་ལ་ཡིད་ཆེས་ཇི་ཙམ་ཡོད་མེད་ཚོད་ལྟ་བྱེད་བཞིན་ཡོད། ཅེས་གསུངས། དེ་ཡང་བསྒྲགས་གཏམ་སྤེལ་སྐབས་བོད་མི་ཚོས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་ཡོད། གཞན་ཡང་བསྒྲགས་གཏམ་ནང་མུ་མཐུད་འཁོད་དོན། བོད་ཀྱི་གནད་དོན་བརྒྱུད་ནས་ང་ཚོས་བྱམས་བརྩེ་དང་དྲང་བདེན་ལ་ཡིད་ཆེས་ཇི་ཙམ་ཡོད་མེད་ཚོད་ལྟ་བྱེད་བཞིན་ཡོད། ལྷག་པར་དུ་ལུ་ཐེ་ནི་ཡའི་མང་ཚོགས་རྣམས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཇི་འདྲ་ཡོད་པ་དེ་བས་གསལ་པོ་མཁྱེན་ཐུབ། བོད་མི་ཚོས་དེང་སྐབས་རང་གི་དཀའ་ངལ་ལ་རྒྱལ་སྤྱི་ནས་དོ་སྣང་བསླེབ་ཆེད་རང་སྲོག་ཚུན་ཆད་བློས་གཏོང་བྱ་དགོས་པའི་ཛ་དྲག་གི་གནས་སྟངས་འོག་གནས་ཡོད། བློ་ཕམ་པ་ཞིག་ལ་བོད་མི་ཚོའི་བློས་གཏོང་དེ་ཚབས་ཆེ་ཤོས་དང་ཚད་མཐོ་ཤོས་ཤིག་ཆགས་ཡོད། ཅེས་འཁོད་ཡོད། ཁོང་གི་བསྒྲགས་གཏམ་དེ་བཞིན་བགྲོ་གླེང་ལྷན་ཚོགས་ཤིག་དང་སྟབས་བསྟུན་ནས་སྤེལ་ཡོད། བགྲོ་གླེང་ལྷན་ཚོགས་སྐབས་བརྗོད་གཞི་ནི། ད་ལྟ་དང་འབྱུང་འགྱུར་བོད་མིའི་མདུན་ལམ། ‘Tibet – the present and the perspectives for the future’ཞེས་པ་དེ་ཡིན་འདུག
སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལུ་ཐེ་ནི་ཡར་ཕེབས་ཏེ་བགྲོ་གླེང་ནང་མཉམ་ཞུགས་གནང་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༡ ཉིན་ལུ་ཐེ་ནི་ཡའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པས་མི་གྲངས་ ༦༠༠༠ གི་མཚན་རྟགས་བསྡུ་རུབ་གནང་སྟེ་སྲིད་འཛིན་ལྕམ་སྐུ་མཆོག་ལ་ཕུལ་ནས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ EU agenda ནང་བོད་དོན་གླེང་དགོས་པའི་རེ་འདུན་བཏོན་ཡོད། ཕྱི་ལོ་ ༡༩༩༡ ཕྱི་ཟླ་ ༡༠ ནང་ཡུལ་དེ་ཨུ་རུ་སུ་དམར་པོའི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་མ་ཐག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཡོད།