༢༠༡༣ ཟླ་ ༩ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༠ ལ་ཏི་ཝི་ཡའི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༡༡ ཉིན་ཁྱིམ་མཚེས་རྒྱལ་ཁབ་ལུ་ཐེ་ནི་ཡར་Lithuania ཆིབས་སྒྱུར་བསྐྱངས་ཡོད། དེ་ཡང་རྒྱལ་ས་ཝིལ་ན་སིའི་ Vilnius གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ཝིལ་ནེ་སི་གཙུག་ལག་སློབ་གྲྭའི་མཐོ་རིམ་སློབ་དཔོན་རྒྱ་གར་རིག་པའི་མཁས་དབང་Indology སྐུ་ཞབས་ཝི་ཏི་སི་ཝི་དུ་ན་སི་ Vytis Vidunas མཆོག་གིས་གཙོས་མཛའ་གྲོགས་རྙིང་པ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝིལ་ནི་སི་གཙུག་ལག་སློབ་ཁང་Vilnius University དུ་ཕྱི་ཚེས་ ༡༢ ཉིན་དེང་གི་སྤྱི་ཚོགས་ནང་སྤྱི་ཚོགས་དང་ཁོར་ཡུག བཟང་སྤྱོད་སོགས་ལ་འཕྲད་བཞིན་པའི་དཀའ་ངལ་གདོང་ལེན་བྱེད་ཕྱོགས་སྐོར་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག