༢༠༡༣ ཟླ་ ༩ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༨ རེས་གཟའ་ཉི་མའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་ལ་ཏི་ཝི་ཡའི་ Latvia རྒྱལ་ས་རི་གའི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཇ་ནི་སི་མར་ཊིན་སི་སུ་ཀུ་ཇ་ Janis Martins Skuja མཆོག་གིས་གཙོས་མང་ཚོགས་དང་འབྲེལ་ཡོད་མི་སྣ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་ཕྱི་ཚེས་ ༩ ཉིན་གྱི་མཛད་འཕྲིན་གྱི་ཐོག་མར་༸གོང་ས་མཆོག་གིས་ཁུལ་དེར་རྟེན་གཞི་བྱས་པའི་རི་གའི་ས་ཁུལ་ནང་གི་ཚོགས་ཁང་ཞིག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་གསར་འགོད་ལྷན་ཚོགས་ཤིག་ཏུ་བཀའ་སློབ་སྩལ་དོན། ངོས་རང་མཛེས་སྡུག་ལྡན་པའི་ཡུལ་འདིར་ཐེངས་གསུམ་ཙམ་བསླེབས་ཐུབ་པར་ཧ་ཅང་དགའ་པོ་བྱུང། ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་ང་ཚོ་ཚང་མ་འགྲོ་མི་རིགས་གཅིག་ཡིན་བསམ་པའི་འདུ་ཤེས་འཛིན་པའི་ཐོག་ནས་འགྲོ་བ་མི་རིགས་གཅིག་གྱུར་གྱི་བསམ་བློ་གོང་མཐོར་གཏོང་ཐབས་བྱེད་བཞིན་ཡོད་པ་མ་ཟད། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་བྱེད་བཞིན་ཡོད། ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་བཟང་པོའི་ཡོན་ཏན་དེ་དག་གོང་འཕེལ་གཏོང་ཆེད་བསླབ་བྱ་རྒྱག་བཞིན་ཡོད། བོད་ཀྱི་གནད་དོན་ཐོག་ཆ་མཚོན་ན་ངོས་ལ་བོད་བརྒྱུད་ནང་བསྟན་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུའི་ལས་འགན་ཡོད། བོད་བརྒྱུད་ནང་བསྟན་ནི་འཚེ་མེད་ཞི་བ་དང་བྱམས་བརྩེའི་རང་བཞིན་ལྡན་པའི་རིག་གཞུང་ཞིག་ཆགས་ཡོད། ཅེས་བཀའ་སློབ་སྩལ།
གཞན་ཡང་༸གོང་ས་མཆོག་གིས་སི་རི་ཡའི་གནད་དོན་ཐོག་གི་དྲི་བར་བཀའ་ལན་སྩལ་བའི་ནང་། འཚེ་བའི་ལམ་ནས་དཀའ་ངལ་ནམ་ཡང་སེལ་མི་ཐུབ། འོ་ན་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཉག་གཅིག་ཡོད་པ་ནི་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ན་ཡིན། དུས་རབས་ ༢༡ འདིའི་ནང་ང་ཚོས་ཕན་ཚུན་འབྲེལ་མོལ་གྱི་ལམ་ནས་རྩོད་རྙོག་སེལ་ཐུབ་པ་བྱེད་དགོས། འཚེ་བ་ཚད་མེད་བྱས་པའི་གྲུབ་འབྲས་སུས་ཀྱང་ཚོད་དཔག་བྱེད་མི་ཐུབ། ཅེས་གསར་འགོད་པའི་དྲི་བར་བཀའ་ལན་སྩལ། གསར་འགོད་ལྷན་ཚོགས་ཡོངས་སུ་ལེགས་གྲུབ་རྗེས་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝི་ཌི་སི་ཊལ་སི་མཆོག་ Mr David Stalts གིས་༸གོང་ས་མཆོག་རང་དབང་འཐབ་རྩོད་པའི་ Freedom Monument སླད་དུ་ཆེད་འཛུགས་གནང་བའི་དྲན་རྟེན་རྡོ་རིང་ཡོད་སར་གདན་ཞུས་ཀྱིས་མགོན་པོ་གང་ཉིད་མཆོག་གིས་ཐུགས་སྨོན་མཛད། དྲན་རྟེན་དེ་ནི་ཕྱི་ལོ་ ༡༩༡༨།༡༩༢༠ སྐབས་ལ་ཏི་ཝི་ཡའི་རང་བཙན་ཆེད་འཐབ་རྩོད་གནང་མཁན་དམག་མི་རྣམས་ཀྱི་རྗེས་དྲན་ཆེད་བཙུགས་པ་ཞིག་ཡིན།
དེ་རྗེས་གློག་བརྙན་སྟོན་སའི་ཚོགས་ཁང་ Cinema Splendid Palace ཞིག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་ནང་པ་དང་བོད་དོན་རྒྱབ་སྐྱོར་བ་བཅས་ལ་བཀའ་སློབ་སྩལ་དོན། ངོས་རང་དེ་སྔ་ཕྱི་ལོ་ ༡༩༩༡།༢༠༠༡ བཅས་ཐེངས་གཉིས་རྒྱལ་ཁབ་འདིའི་ནང་བསླེབས་ཡོད། དེར་བརྟེན་ད་རེས་སླར་ཡང་འདིར་ཡོང་ནས་ཁྱེད་རང་ཚོ་དང་ཐུག་པ་ཧ་ཅང་དགའ་པོ་བྱུང། ཁྱེད་ཚོས་ངོས་ལ་ཧ་ཅང་མཛའ་བརྩེ་ཆེན་པོ་བྱས་པ་དེས་ངོས་རང་ངོ་མཚར་སྐྱེད་བྱུང། ཞེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། བོད་དོན་རྒྱབ་སྐྱོར་གནང་མཁན་ཚོགས་མི་རྣམས་ལ་བཀའ་སློབ་སྩལ་དོན། ཁྱེད་ཚོས་བོད་དོན་ལ་རྒྱབ་སྐྱོར་ཆེད་འབད་བརྩོན་ཧུར་སྐྱེད་གནང་བར་ངོས་ཀྱིས་བོད་མི་ས་ཡ་དྲུག་གི་ཚབ་བྱས་ནས་ཁྱེད་རང་ཚོར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།