༢༠༡༣ ཟླ་ ༩ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །འདི་གར་ངག་དབང་ཐར་པ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། ཉེ་ཆར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཁམས་ནག་ཆུའི་ས་ཁུལ་ཤག་རོང་པོ་དགོན་སྡེ་གཉིས་ཀྱི་མི་མང་ལྔ་བཅུ་ལྷག་འཛིན་བཟུང་བྱས་པའི་ཁོངས་ནས། བོད་མི་ཁག་གཅིག་གི་མིང་དང་ལོ་ཚད་སོགས་གསར་དུ་ཤེས་རྟོགས་བྱུང་ཡོད། དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༨ ཉིན་བསྐྱར་དུ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཁ་སྔོན་མི་མང་འཛིན་བཟུང་བྱས་པའི་ནང་ནས་མི་དགུའི་མིང་དང་ལོ་ཚད་ཤེས་རྟོགས་བྱུང་ཡོད་པ་རྣམས་ནི། ༡༽བློ་བཟང་ཚེ་རིང་ལགས། རང་ལོ་ ༢༧ དང་། ༢༽དུང་ཕུག་ལགས། རང་ལོ་ ༢༦། ༣༽ཟླ་རྒྱལ་ལགས། རང་ལོ་ ༣༥། ༤༽སྐར་མ་ལགས། རང་ལོ་ ༣༡། ༥༽རྒྱ་ལྷུག་ལགས། རང་ལོ་ ༢༨། ༦༽རྒྱལ་བ་ལགས། རང་ལོ་ ༢༩། ༧༽སྲི་ཆོད་ལགས། རང་ལོ་ ༣༩། ༨༽ཆོས་དར་ལགས། རང་ལོ་ ༢༧། ༩༽བྱམས་པ་ལགས། རང་ལོ་ ༢༡ བཅས་འཛིན་བཟུང་བྱས་རྗེས་ད་དུང་ཡང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག ཁོང་རྣམས་སྟར་ཆེན་ཡུལ་ཚོའི་ཡར་ཐང་མར་ཐང་གི་གྲོང་ཚོ་བཅས་ནས་ཡིན་འདུག་ལ། ད་དུང་གྲོང་ཚོ་གཞན་ནས་ཀྱང་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་འདུག་ཀྱང་ས་གནས་སུ་དམ་བསྒྲགས་ཆེ་བའི་དབང་གིས་མིང་དང་ལོ་སོགས་ཤེས་རྟོགས་ཐུབ་མེད།
བློ་བཟང་ཚེ་རིང་གི་བཟའ་ཟླ་སྒྲོལ་མ་གཡང་སྐྱིད་ཞུ་བས་རྒྱ་གཞུང་གིས་དེ་སྔོན་བཅའ་སྡོད་རུ་ཁག་དང་། ལག་འཛིང་ཤོར་མཁན་གྱི་བོད་མི་དེ་ཚོ་རྩད་གཅོད་མི་བྱེད་པའི་ཁས་ལེན་བྱས་ཡོད་ཀྱང་། ད་ལྟའི་ཆར་དེ་ལས་ལྡོག་སྟེ་མི་མང་འཛིན་བཟུང་བྱས་པ་མ་ཟད། བླ་མའི་ཡང་སྲིད་ཀྱང་མིི་མང་གིས་ཁས་ལེན་མེད་ཀྱང་ཁོ་པ་ཚོས་ཕྲུ་གུ་ཞིག་བཙན་དབང་གིས་སྤྲོད་ཀྱི་ཡིན་ཞེས། སྡེ་དགོན་གཉིས་ལ་ཡང་ཡང་སུན་གཙེར་ཆེན་པོ་བཟོ་བཞིན་ཡོད་པའི་གནས་ཚུལ་དེ་དག་མ་བཟོད་ནས་རང་སྲོག་གཅོད་རྩིས་བྱས་ཡོད་འདུག
ཁོ་མོས་བརྗོད་དོན་ལ། སྡེ་དགོན་གཉིས་ལ་སུན་གཙེར་མཚམས་འཇོག་གིས་འཛིན་བཟུང་བྱས་པའི་ བོད་མི་དེ་དག་གློད་བཀྲོལ་དང་། བླ་མའི་ཡང་སྲིད་བཙན་དབང་གིས་བསྐོ་གཞག་བྱ་འཆར་དེ་ཚོ་ཕྱིར་ འཐེན་མ་བྱས་པ་ཡིན་ན། རང་སྲོག་གཏོང་ངེས་ཡིན་ཞེས་བརྗོད་དེ་རང་གི་འཕྲུལ་རྟ་སར་བརྡབས་ཏེ་ད་ལྟ་ནག་ཆུ་ས་ཁུལ་ཛ་དྲག་མྱུར་སྐྱོབ་སྨན་ཁང་དུ་ཁྱེར་དགོས་བྱུང་ཡོད་འདུག འོན་ཀྱང་ནད་གཡོག་སྲིད་གཞུང་གིས་ཆེད་གཏོང་བྱས་པ་མ་གཏོགས་འབྲེལ་ཡོད་བོད་མི་འགྲོ་བཅུག་མེད་པས། ཁོ་མོ་ཤི་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱིི་མེད་པ་རེད། སྲིད་གཞུང་གིས་སྒྲོལ་མ་གཡང་སྐྱིད་ཀྱི་གནས་ཚུལ་འདི་མང་ཚོགས་ཀྱི་ནང་དུ་བཤད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད།
སྒྲོལ་མ་གཡང་སྐྱིད་ཀྱི་ཕ་མིང་ལ་སྨན་པ་རྣམ་སྲས་དང་། མ་མིང་ལ་ཆོས་དབྱིངས་སྒྲོལ་མ་བརྗོད་ཀྱི་ཡོད་པ་དང་། སྒྲོལ་མ་གཡང་སྐྱིད་དང་བློ་བཟང་ཚེ་རིང་གཉིས་ལ་ཕྲུ་གུ་ཆུང་ཆུང་གཉིས་ཡོད་པ་དེ་སྲིད་གཞུང་གིས་དྭ་ཕྲུག་སློབ་གྲྭར་ཁྲིད་ཡོད་འདུག
དེ་སྔོན་འཛིན་བཟུང་བྱས་པའི་དུང་ཕུག་ལ་ཡང་ཚབས་ཆེའི་ཉེས་རྡུང་བཏང་ནས་སྨན་ཁང་དུ་ཁྱེར་ཡོད་ཀྱང་ད་ལྟའི་ཆར་ཤི་གསོན་ཤོད་དཀའ་བའི་གནས་ཚུལ་ཐོན་འདུག གཞན་དེ་སྔོན་འཛིན་བཟུང་བྱས་པའི་མི་དེ་དག་གི་མིང་དང་ལོ་གྲངས་ད་ལྟའི་གནས་སྟངས་སོགས་ཤེས་ཐུབ་མེད། དེ་བཞིན་ས་གནས་ཀྱི་མི་རྣམས་ཕན་ཚུན་འགྲོ་འོང་ལ་བཀག་སྡོམ་ནན་པོ་བྱས་པར་བརྟེན་བཀག་ཉར་ཁང་ལྟ་བུར་ཆགས་ཡོད་འདུག