༢༠༡༣ ཟླ་ ༩ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་མཉམ་བསྲེ་བཏང་བའི་རང་དབང་རྒྱལ་ཡོངས་ཚོགས་པའི་ The Liberal-National coalition འགོ་ཁྲིད་སྐུ་ཞབས་ཊོ་ནི་ཨེ་བྷོ་ཊི་ Tony Abbott མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༧ རེས་གཟའ་སྤེན་པའི་ཉིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་ ༡༥༠ རྐུབ་སྟེགས་ཡོད་ཁོངས་ནས་རྐུབ་སྟེགས་ ༨༨ ཐོབ་རྗེས་ཡུལ་དེའི་སྲིད་བློན་དུ་བསྐོ་གཞག་བྱུང་ཡོད། དེ་ཡང་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སྲིད་བློན་གྱི་འོས་བསྡུ་ཆེན་མོ་འགོ་མ་བཙུགས་སྔོན་ཡུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཁང་ Australian Tibet Council གིས་སྐུ་ཞབས་ཊོ་ནི་ཨེ་བྷོ་ཊི་མཆོག་ལ་བོད་ཐོག་ལངས་ཕྱོགས་ཇི་ཡིན་བཀའ་འདྲི་ཞུས་པར་ཁོང་གིས། ངས་བོད་མི་ཚོའི་མངོན་འདོད་འགྲུབ་ཆེད་རྒྱ་ནག་གཞུང་གི་སྐུ་ཚབ་ནས་བོད་མིའི་སྐུ་ཚབ་དང་ཐུག་འཕྲད་གནང་དགོས་པ་མ་ཟད། གྲོས་མོལ་གྱི་ལམ་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྤྲོད་རྒྱུའི་སྲིད་བྱུས་ལག་བསྟར་ཡོང་ཆེད་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་ལན་འདེབས་གནང་ཡོད།
སྤྱིར་སྐབས་དེར་ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཁང་ནས་ཁོང་ལ་བོད་ཀྱི་གནད་དོན་དང་འབྲེལ་བའི་དྲི་བ་ལྔ་ཙམ་ཞུས་ཡོད་པ་མ་ཟད། འོས་བསྡུའི་ནང་བཞུགས་མཁན་ཨོ་སི་ཊོ་ལི་ཡའི་ངལ་རྩོལ་ཚོགས་པ་ Labor དང་ལྗང་ཁུ་ཚོགས་པ་ Greens གཉིས་ཀའི་སྐུ་ཚབ་འཐུས་མི་རྣམས་ལ་ཕྱོགས་མཚུངས་བོད་དོན་ཐོག་དྲི་བ་ཕུལ་བར་ཆབ་སྲིད་ཚོགས་པ་གཉིས་ཀས་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་ཆེད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་མཐུད་གནང་དགོས་པའི་རེ་འདུན་ཞུ་རྒྱུའི་ཁས་ལེན་གནང་ཡོད། དེ་ཡང་སྐབས་དེར་ལྗང་ཁུ་ཚོགས་པའི་སྐུ་ཚབ་འཐུས་མིས་གསུང་དོན། ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པས་བོད་ནང་དུ་བོད་མི་ཚོར་རང་གི་ཐུན་མིན་རིག་གཞུང་དང་ཆོས་དད་ཐོག་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་ང་ཚོས་བོད་མིའི་སྐུ་ཚབ་ཚོར་ངོས་འཛིན་ཞུ་བཞིན་ཡོད། ཕྱོགས་མཚུངས་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་ཙམ་མ་ཟད། རང་བྱུང་ཁོར་ཡུག་གཏོར་བཤིག་དང་གཏེར་ཁ་འཕྲོག་བཅོམ་བྱས་པ་དེར་ང་རྒོལ་བྱེད་བཞིན་ཡོད། ང་ཚོས་རྒྱ་ནག་གཞུང་ལ་བོད་ནང་དམ་བསྒྲགས་མཚམས་འཇོག་དགོས་པ་དང། བོད་མི་ཚོས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཆེད་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པའི་རེ་འབོད་དེར་ངེས་པར་དུ་བརྩི་བཀུར་ཞུ་དགོས། ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པས་རྒྱ་ནག་དང་འབྲེལ་བ་ནམ་བྱུང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གལ་ཆེ་ཤོས་སུ་འཛིན་བཞིན་ཡོད། དེར་བརྟེན་ང་ཚོས་ད་བར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱ་ནག་གཞུང་དང་ཁ་གསལ་གཏིང་གསལ་བྱས་དང་བྱེད་མུས་ཡིན། ཞེས་ལྗང་ཁུ་ཚོགས་པའི་མགྲིན་ཚབ་པ་ལྕམ་སྐུ་ཧན་སེན་ཡང་ Hanson-Young མཆོག་གིས་གསུངས་ཡོད།
གཞན་ཡང་ཁོ་མོས་ད་དུང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མར་འདས་པའི་ལོ་གསུམ་ནང་ཨོ་སི་ཊོ་ལི་ཡའི་སྲིད་གཞུང་ནས་རྒྱ་ནག་གཞུང་དང་ལྷན་བོད་ཀྱི་གནད་དོན་སེལ་ཆེད་གྲོས་མོལ་ཡོང་རྒྱུར་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་གྱི་གྲོས་འཆར་ཐེངས་བཞི་བཏོན་ཁོངས་ནས་གྲོས་འཆར་གཅིག་ལ་རྒྱབ་སྐྱོར་ཐོབ་པར་བརྟེན་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་བཞག་ཐུབ་པ་བྱུང་ཡོད་སྐོར་གསུངས། ཕྱོགས་མཚུངས་ངལ་རྩོལ་ཚོགས་པའི་སྐུ་ཚབ་སྐུ་ཞབས་ཀེ་ཝིན་རུ་ཌི་ Mr Kevin Rudd མཆོག་གིས་གསུང་དོན། ང་ཚོས་བོད་ནང་གི་གནས་སྟངས་ཐོག་ཧ་ཅང་སེམས་འཚབ་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་དཀའ་ངལ་ཡོད་པ་ངོས་འཛིན་བྱས་ནས་བོད་མིའི་ཛ་དྲག་གི་དཀའ་ངལ་སེལ་དགོས་པ་དང། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོའི་ཐོབ་ཐང་ལ་སྲུང་སྐྱོབ་དགོས་པ། དེ་བཞིན་བོད་ནང་འགྲོ་སྐྱོད་ལ་དམ་བསྒྲགས་འཕྲལ་མར་མཚམས་འཇོག་གིས་གསར་འགོད་པ་དང། གཞུང་ཚབ་གཏོང་དགོས་པའི་རེ་འདུན་བཏོན་ཡོད། ཅེས་གསུངས། སྤྱིར་ཨོ་སི་ཊོ་ལི་ཡའི་སྲིད་བློན་གསར་པར་འོས་འདེམས་བྱུང་བ་སྐུ་ཞབས་ཊོ་ནི་ཨེ་བྷོ་ཊི་མཆོག་གིས་ཕྱི་ལོ་ ༢༠༠༩ དང་ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་སྐབས་མཇལ་འཕྲད་ཞུས་ཡོད།།