༢༠༡༣ ཟླ་ ༩ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཤར་ཨེ་ཤི་ཡའི་ཆོས་ཞུ་བ་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་གི་ཆོས་འབྲེལ་དང་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གཙོ་འཁོར་གསུམ་གྱི་རྗེས་གནང་སྩལ་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༨ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བའི་སྐུ་ཚབ་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་བཞུགས་གནས་ཕོ་བྲང་ནས་གདན་ཞུས་ཀྱི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་དྲུང་དུ་སྒྲུབ་ཞག་སྔོན་དུ་མཛད་དེ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་པཱ་ལིའི་སྐད་དང་ཨིན་རྡུ་ནི་ཤི་ཡའི་སྐད། དབྱིན་སྐད། བོད་སྐད་བཅས་ཀྱི་ཐོག་ཤེས་རབ་སྙིང་པོ་གསུང་འདོན་ཟིན་མཚམས་སྔོན་འགྲོའི་ཆོས་འབྲེལ་རྗེས་ཁྱིམ་པ་ཕོ་མོ་རྣམས་ལ་དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག དེ་ནས་ཐེག་ཆེན་སྤྱི་དང་གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་སྙིང་བསྡུས་ལྗགས་བཤད་ཀྱི་སྤྱོད་འཇུག་ལས་བྱུང་བའི་ཡན་ལག་བདུན་པ་གསུང་འདོན་གྱི་ཚོགས་གསོག་དང་སྤྱོད་འཇུག་ལས་སྨོན་སེམས་ཀྱི་སྡོམ་པ་བཟུང་ཚུལ། དེ་ནས་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གཙོ་འཁོར་གསུམ་གྱི་རྗེས་གནང་དང་བཟླས་ལུང་བཅས་སྩལ་གྲུབ་བསྟུན་ཆོས་ཞུ་བའི་སྦྱིན་བདག་རྣམས་ལ་མཇལ་ཁ་དང་བརྟན་བཞུགས་མདོར་བསྡུས་ཤིག་བསྟར་འབུལ་ཞུས་ཏེ་ཉིན་གསུམ་གྱི་ཆོས་འབྲེལ་མཇུག་སྒྲིལ་མཛད་ཡོད།
ཐེངས་འདིའི་ཉིན་གསུམ་གྱི་ཆོས་འབྲེལ་འདིར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་བསྡུས་དོན་དང་ལེའུ་བརྒྱད་པ་བསམ་གཏན་ལེའུ་རྒྱས་བཤད་དང་སྤྱན་རས་གཟིག་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཅས་སྩལ་ཡོད།།