༢༠༡༣ ཟླ་ ༩ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལྷོ་ཕྱོགས་ཞུ་གཏུག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༤ ཉིན་བཏང་གནས་ནང་འཁོད་དོན། ལྷོ་ཕྱོགས་མངའ་སྡེ་ཞུ་གཏུག་ཚོགས་ཆུང་གི་ཚོགས་མི་བོད་མི་མང་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང། འཇིགས་མེད་འབྱུང་གནས་ལགས། ཚེ་རིང་གཡུ་སྒྲོན་ལགས། བློ་བཟང་ཡེ་ཤེས་ལགས་བཅས་ཀྱིས་མ་ཧཱ་ར་ཤི་ཏྲ་མངའ་སྡེའི་རྒྱལ་ས་མུམ་བྷེ་ནང་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་དང་འབྲེལ་བའི་སྒྱུ་རྩལ་ལས་རིགས་ཀྱི་མི་སྣ་ཁག་གཅིག་དང་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད། དེ་ཡང་ཁོང་རྣམ་པས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༣༠ ཉིན་གློག་བརྙན་བཟོ་སྒྲིག་གནང་མཁན་གྲགས་ཅན་སྐུ་ཞབས་ཕི་རོ་ཛི་ན་དི་ཡ་དི་ཝ་ལ་ ( Firoz Nadiadwala ) དང་ཐུག་འཕྲད་སྐབས་ཁོང་ལ་བོད་ནང་གི་དཀའ་ངལ་ངོ་སྤྲོད་གནང་སྐབས་ཁོང་གིས་སྐབས་དེར་གསུང་དོན། ང་ཚོས་འདི་ལྟར་སྡོད་ཐབས་མེད། བོད་དོན་ཆེད་ལས་འགུལ་ཞིག་ངེས་པར་དུ་སྤེལ་དགོས་ཀྱི་འདུག ལྷག་པར་བོད་དོན་ཐོག་རྒྱལ་སྤྱིས་རྒྱབ་སྐྱོར་མ་བྱས་ཐབས་མེད་བཟོ་ཆེད་ང་ཚོས་ཤུགས་རྒྱག་དགོས་ཀྱི་འདུག ཅེས་གསུངས་ཏེ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། སྐབས་དེར་ཁོང་དང་ལྷན་ཀར་ན་ཊ་ཀའི་གློག་བརྙན་འཁྲབ་སྟོན་པ་བུ་མོ་( Lakshmi Rai ) ལཀ་ཤི་མི་ར་ཡི་ལགས་དང་ཐུག་འཕྲད་གནང་ཡོད།
དེ་བཞིན་ཕྱི་ཚེས་ ༣༡ ཉིན་གློག་བརྙན་འཁྲབ་མཁན་( Anupam Kher )ཨ་ནུ་པམ་ཁེར་ལགས་དང་ཐུག་སྐབས་ཁོང་གིས་གསུང་དོན། ང་རང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་མཁན་ཞིག་ཡིན། ཞེས་གསུངས་པ་དང་སྦྲགས། བོད་དོན་རྒྱུས་མངའ་ཡོད་པའི་རྣམ་པ་ཤུགས་ཆེ་བསྟན་པ་མ་ཟད། ཁོང་གིས་འཁྲབ་བཞིན་པའི་གློག་བརྙན་ (Meh Tera Hero) ང་ཁྱེད་ཀྱི་འདྲེན་པ་ཡིན། ཞེས་པའི་འཁྲབ་སར་སྤྱི་འཐུས་རྣམ་པ་མགྲོན་འབོད་ཞུས་འདུག སྐབས་དེར་གློག་བརྙན་ནང་འདྲེན་པ་འཁྲབ་མཁན་ ( Varun Dhawan )ཝ་རུན་དཱ་བན་ལགས་དང་། འདྲེན་མ་འཁྲབ་མཁན་ ( Ileana D’cruz )ཨི་ལི་ན་ཌི་ཀུ་རུ་ཛུ། དེ་བཞིན་བཞད་གད་སློང་མཁན་གྲགས་ཅན་ ( Rajpal Yadav )རཱ་ཇི་པལ་ཡ་དབ་བཅས་འཁྲབ་སྟོན་པ་ཁག་གཅིག་དང་མཇལ་ནས་བོད་དོན་སྐོར་སྤྱི་དང་། ལྷག་པརཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་གྲངས་ ༡༢༠ སྐུ་ལུས་མེར་སྲེག་བཏང་བའི་སྐོར་ངོ་སྤྲོད་ཞུ་སྐབས། ཁོང་རྣམས་ཀྱིས་ཚོར་ཤུགས་ཆེན་པོས་རྒྱབ་སྐྱོར་གནང་བ་མ་ཟད། བོད་དོན་སྐོར་ལ་གློག་བརྙན་ཞིག་ངེས་པར་དུ་འཁྲབ་རྒྱུ་ཡིན་གསུངས་པར་སྤྱི་འཐུས་རྣམ་པས་ཁོང་རྣམས་ཀྱིས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་དོན་གློག་བརྙན་ཞིག་གང་མགྱོགས་ལྟ་ཐུབ་རྒྱུར་ངང་འགུག་བྱ་རྒྱུ་ཡིན་པར་བརྗོད་ཡོད།
གཞན་ཡང་ཕྱི་ཟླ་ ༩ ཚེས་ ༣ ཉིན་གཟེངས་རྟགས་གྲགས་ཅན་དུ་མ་ཐོབ་མྱོང་མཁན་འཁྲབ་ཁྲིད་པ་དང་མཁས་དབང་ (Shyam Benegal) ཤམ་བྷེ་ནེ་གལ་མཆོག་དང་མཇལ། ཁོང་རྒྱུན་ལྡན་བོད་དོན་ལ་རྒྱུས་མངའ་དང་རྒྱབ་སྐྱོར་ཡོད་མཁན་ཞིག་ཡིན་པ་མ་ཟད། གང་མྱུར་རྡ་སར་ཕེབས་རྒྱུ་ཡིན་པ་གསུངས་ཡོད། དེ་རྗེས་རྒྱ་གར་གློག་བརྙན་ནང་འདྲེན་པ་འཁྲབ་མཁན་གྲགས་ཅན་སྐུ་ཞབས་(Vivek Oberai)བི་བེཀ་ཨོབ་རོའི་མཆོག་དང་མཇལ། ཁོང་བོད་དོན་སྐོར་ཧ་ཅང་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད།
སྐབས་དེར་ཁོང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་རྒྱབ་སྐྱོར་ཇི་འདྲ་ཞིག་ཞུ་དགོས་ཀྱང་འཛེམས་ཟོན་མེད་པར་གསུང་རོགས་ཞེས་སྤྱི་འཐུས་རྣམ་པར་གསུངས་ཡོད། གཞན་ཡང་ཕྱི་ཚེས་ ༤ ཉིན་རྒྱ་གར་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་ཨ་མིར་ཀན་ལགས་ཀྱི་བཟའ་ཟླ་ལྕམ་སྐུ་ཀི་རན་རའོ་ ( Kiran Rao ) ལགས་ཐུག་འཕྲད་གནང་ཡོད།
སྐབས་དེར་ལྕམ་སྐུས་རང་གི་བཟའ་ཟླ་གློ་བུར་དུ་ཕྱི་རྒྱལ་ལ་འགྲོ་དགོས་བྱུང་རྐྱེན་བོད་མིའི་སྐུ་ཚབ་ཚོར་སྣེ་ལེན་གང་ལེགས་ཞུ་དགོས་པའི་བཀོད་མངགས་གནང་ཡོད་སྐོར་གསལ་བཤད་གནང་བ་མ་ཟད། ལྕམ་སྐུ་རང་ཉིད་ཀྱིས་བོད་མི་མང་པོས་རང་ལུས་མེར་སྲེག་བཏང་བའི་གནས་སྟངས་མཐོང་སྐབས་མིག་ལ་མཆི་མ་འཁོར་བ་མ་ཟད། ལྷག་པར་བོད་མི་གཞོན་སྐྱེས་མང་དག་ཅིག་ལས་འགུལ་དེ་འདྲ་སྤེལ་དགོས་ཐུག་ཀྱང། རྒྱ་ནག་གཞུང་ལ་ཡ་ང་སྙིང་རྗེའི་ཚོར་བ་སྤུ་ཙམ་མེད་པ་དེ་འདྲ་གང་འདྲ་ཡིན་ནམ་ཞེས་སེམས་ཚོར་ཧ་ཅང་གནང་ཡོད།།