༢༠༡༠ ཕྱི་ཟླ་ ༡ ཚེས་ ༢༥ རེས་ཟླ་བ།
༄༅། །འདི་གར་ཉི་ཧོང་དོན་གཅོད་ཁང་ནས་བཏང་གནས་ནང་ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༢ ཉིན་བོད་མི་ན་གཞོན་ཚེ་རིང་རྡོ་རྗེ་ལགས་སུ་ཉེ་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ནང་ངལ་དུབ་ཆེ་བའི་རྩེད་འགྲན་གྱི་ཡིག་རྒྱུགས་རིམ་པ་མང་པོ་མཐར་སོན་རྗེས་རྒྱལ་ས་ཊོཀ་ཁྱོའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་དྲག་རྩལ་ལྷན་ཚོགས་ (IKGA) ཞེས་པ་ནས་ཁོང་ལ་གྷོ་ཌན་(Go-dan)དྲག་རྩལ་གྱི་སྐེད་རགས་ནག་པོའི་ལག་འཁྱེར་ཐོབ་ཡོད། ལག་འཁྱེར་དེ་ནི་འཛམ་གླིང་ནང་དྲག་རྩལ་གྱི་ལག་ཤེས་མཐོ་ཤོས་གྲས་ཤིག་ཡིན་འདུག ཚེ་རིང་རྡོ་རྗེ་ལགས་སུ་དྲག་རྩལ་གྱི་སྐེད་རགས་ནག་པོའི་རྟགས་མ་ཐོག་མ་དེ་ཕྱི་ལོ་ ༡༩༩༢ ལོར་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མ་ཌ་ར་སི་ནང་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་བྷོ་ཌ་ཀི་ལྷན་ཚོགས་ནས་གནང་ཡོད་པ་མ་ཟད། དེ་སྔོན་ཕྱི་ལོ་ ༡༩༩༣ ༡༩༩༤ ༡༩༩༥ བཅས་ལོ་གསུམ་བསྟུད་མར་རྒྱ་གར་རྒྱལ་ཡོངས་དྲག་རྩལ་ཕུལ་བྱུང་གསེར་གྱི་རྟགས་མ་ཡང་ཐོབ་ཡོད། ཁོང་ནི་ཉེ་ལམ་བཙན་བྱོལ་བོད་གཞུང་བདེེ་སྲུང་ལས་ཁུངས་ནང་ཕྱག་ལས་གནང་མྱོང་ཡོད། ཕྱི་ལོ་ ༢༠༠༡ ལོར་ (TEIKI) རྒྱལ་སྤྱིའི་སྲུང་སྐྱོབ་ཀྱི་སློབ་ཡོན་ཐོག་བཙན་བྱོལ་བོད་གཞུང་གིས་ཁོང་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ནང་སྦྱོང་བརྡར་དུ་ཆེད་གཏོང་གནང་ཡོད། དེ་རྗེས་རྒྱ་གར་དུ་ཕྱིར་འཁོར་ཡོད་པ་དང་། སླར་ཡང་ཕྱི་ལོ་ ༢༠༠༣ ལོར་བདེ་སྲུང་ལས་ཁུངས་ནས་ (TEIKI) རྒྱལ་སྤྱིའི་སྲུང་སྐྱོབ་ཀྱི་སློབ་ཡོན་ཐོག་ལོ་གཉིས་རིང་ཉི་ཧོང་དུ་བཏང་། དེར་ལོ་གཉིས་ཙམ་གྱི་ཟབ་སྦྱོང་ལེགས་པར་གྲུབ་མཚམས་ཐེངས་འདིར་ཁོང་ལ་གྷོ་ཌན་དྲག་རྩལ་གྱི་སྐེད་རགས་ནག་པོའི་རྟགས་མ་ཐོབ་ཡོད་པ་རེད། ཚེ་རིང་རྡོ་རྗེ་ལགས་ནི་དྲག་རྩལ་གྱི་རྟགས་མ་དེ་འདྲ་ཐོབ་མཁན་བོད་མི་ཐོག་མ་དེ་ཆགས་ཡོད། ཁོང་ནས་༸གོང་ས་མཆོག་གིས་བོད་མི་ན་གཞོན་ཚོར་རིགས་གཅིག་རྐང་འཛིན་ཐོག་འབད་བརྩོན་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་པ་དེས་སེམས་འགུལ་ཤུགས་ཆེ་ཐེབས་ཡོད་སྐོར་གསུངས་ཡོད་པ་བཅས།།