༢༠༡༣ ཟླ་ ༩ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་ནག་གཞུང་གི་རྔ་པ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་སྒྲོལ་མ་སྐྱབས་ལགས་སུ་རང་གི་བཟའ་ཟླ་རང་ལོ་ ༢༩ སོན་པ་དཀོན་མཆོག་དབང་མོ་བསད་པའི་ཉེས་མིང་འོག་སྲོག་ཁྲིམས་ཀྱི་ཉེས་ཆད་བཏང་བའི་གནད་དོན་ཐོག ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢ ཉིན་དབྱིན་ཇིའི་གྲོས་ཚོགས་འོག་མའི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནིཀ་ཌེ་ཀིན་ Mr Nic Dakin མཆོག་གིས་ལོན་ཌོན་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Tibet Society) ཞེས་པས་འབོད་སྐུལ་ཞུས་དོན་ལྟར། ཕྱི་སྲིད་དྲུང་ཆེ་མཆོག་ལ་རེ་འདུན་ཞུས་དོན། ཕྱི་སྲིད་དྲུང་ཆེ་མཆོག་ནས་སྒྲོལ་མ་སྐྱབས་ལ་རྒྱ་གཞུང་གིས་སྲོག་ཁྲིམས་ཀྱི་ཁྲིམས་ཆད་བཏང་བའི་གནད་དོན་ཐོག་སེམས་འཚབ་ཀྱི་རྣམ་པ་འདོན་དགོས། ཞེས་རེ་འདུན་ཞུས་པ་ལྟར།
གྲོས་ཚོགས་ནང་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཝིལ་ལེམ་ཧེག་ Foreign Secretary William Hagueམཆོག་གིས་གསུང་དོན། ང་ཚོས་རྒྱ་ནག་གཞུང་ནས་སྒྲོལ་མ་སྐྱབས་ལགས་སུ་སྲོག་ཁྲིམས་ཀྱི་ཉེས་ཆད་བཀལ་བ་དེ་ཆག་ཡང་གཏོང་རྒྱུའི་རེ་འདུན་འདོན་རྒྱུ་མ་ཟད། ཁོང་ལ་ཁྲིམས་ཆད་ཇི་འདྲ་ཞིག་བཀལ་ཡང་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་བབ་དང་མཐུན་པའི་ཐོག་ནས་ཁྲིམས་བཤེར་དྲང་པོ་ཞིག་གཅོད་རྒྱུར་ང་ཚོས་ཡིད་ཆེས་བརྟན་པོ་ཞུ་རྒྱུ་མ་ཟད། རང་ལུས་མེར་སྲེག་གི་གནད་དོན་ཐོག་སེམས་འཚབ་ཧ་ཅང་ཡོད། དེར་བརྟེན་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་ཚང་མས་རང་སྲེག་ལས་འགུལ་དེ་མཚམས་འཇོག་ཡོང་ཆེད་འབད་བརྩོན་གནང་དགོས། ཞེས་གསུངས།