༢༠༡༣ ཟླ་ ༩ ཚེས་ ༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢ རེས་གཟའ་ཟླ་བའི་ཉིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༣ འཁོར་བའི་དུས་ཆེན་མཛད་སྒོ་སྲུང་བརྩི་ཞུས་ཡོད། མཛད་སྒོ་གྲུབ་བསྟུན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་གོ་སྒྲིག་འོག་བཙན་བྱོལ་ནང་གི་འགྲུལ་བཞུད། ཅེས་པའི་པར་རིགས་འགྲེམས་སྟོན་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གནང་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང། ཁྲིམས་ཞིབ་པ་གཞན་མཆོག བཀའ་བློན་རྣམ་པ་དང། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྣམ་པ། ཕྱི་དྲིལ་དྲུང་ཆེ། བཅས་ཕེབས་སྐབས། ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་པར་རིགས་རྣམས་རེ་རེ་བཞིན་མཛད་གཙོ་རྣམ་པར་ངོ་སྤྲོད་ཞུས་ཡོད།
སྤྱིར་ཕྱི་དྲིལ་འགྲེམས་སྟོན་ཚན་པས་དེ་སྔ་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༦ ནང་བཙན་བྱོལ་ནང་གི་འགྲུལ་བཞུད། “Tibet Journey in-Exile” ཅེས་པའི་པར་རིགས་འགྲེམས་སྟོན་དེ་བཞིན་ཐོག་མར་མན་སྤར་གཞིས་ཆགས་སུ་ཐེངས་དང་པོ་འགྲེམས་སྟོན་གནང་ཡོད་ཀྱང། ཐེངས་འདིར་པར་རིགས་ལྔ་ཁ་སྣོན་ཐོག་རྡ་སར་ཐེངས་དང་པོ་འགྲེམས་སྟོན་ཞུས་པ་ཞིག་ཆགས་ཡོད། པར་རིགས་དེ་དག་གི་ནང་དོན་གཙོ་བོ་ནི་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ཐོག་བཙན་འཛུལ་བྱས་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་འོག་བོད་མི་ཁྲི་ཕྲག་བརྒལ་བ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་སྐོར་དང།
དེ་རྗེས་འདས་པའི་མི་ལོ་ ༥༤ རིང་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་བོད་མིའི་འཚོ་བའི་གནས་སྟངས་དང་སྤྱི་ཚོགས་ཀྱི་འཕེལ་རིམ། དེ་བཞིན་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་མཛད་རྗེས་ཀྱི་ཆབ་སྲིད་ཀྱི་འཕོ་འགྱུར་སོགས་པར་རིགས་ལམ་ནས་འགྲེམས་སྟོན་ཞུས་ཡོད། དེ་ལྟར་པར་རིགས་འགྲེམས་སྟོན་ཞུ་རྒྱུའི་དགོས་དམིགས་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཞུང་མང་གཉིས། དེ་བཞིན་བོད་མི་མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་པར་བརྟེན། བཙན་བྱོལ་བོད་མི་རྣམས་འཛམ་གླིང་འདིའི་སྟེང་བཙན་བྱོལ་བ་གཞན་ལས་གནས་སྟངས་ཁྱད་དུ་འཕགས་པའི་འོག་འཚོ་བཞིན་ཡོད་པའི་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢ ནས་ཕྱི་ཟླ་ ༡༠ ཚེས་ ༡ བར་འགྲེམས་སྟོན་ཞུ་རྒྱུ་ཡིན་འདུག